ཟླ་བ་ ༡ ཚེས ༡༢ ༢༠༢༡
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༢ རེས་གཟའ་མིག་དམར། 

༄༅། །རྒྱ་གར་གཞུང་ནས་ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་སྨན་ཁབ་བརྒྱག་རྒྱུ་གྲ་སྒྲིག་གནང་བཞིན་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ནས་ཀྱང་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མི་རྣམས་ལ་ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་སྨན་ཁབ་བརྒྱག་རྒྱུ་གྲ་སྒྲིག་གནང་བཞིན་པར་རྒྱབ་སྐྱོར་མཚོན་ཆེད་དུ། ཨོ་སི་ཊི་རི་ཡའི་ (Austria) བོད་རིགས་ཚོགས་པས་རྒྱ་གར་ནང་ཡོད་པའི་བོད་མི་དགོས་ངེས་ཅན་ཚོར་དམིགས་ཏེ་ཏོག་དབྱིབས་གཉན་རིམས་སྔོན་འགོག་སྨན་ཁབ་ཀྱི་མཐུན་འགྱུར་རོགས་རམ་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ལ་ཡུ་སྒོར་ ༣༢༩༨།༠༠ ཞལ་འདེབས་ཕུལ་ཡོད་པ་དང་། དེ་བཞིན་སུད་སི་ནས་ཡིན་པའི་ཆོས་སྐྱིད་ལགས་ཀྱིས་སུད་སི་སྒོར་ ༡༠༠༠།༠༠ ཐམ་པ་ཕུལ་འདུག

བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་ད་བར་ཏོག་དབྱིབས་གཉན་རིམས་སྔོན་འགོག་དང་སྔོན་འགོག་སྨན་ཁབ་ཀྱིས་མཚོན་པའི་ལས་གཞི་རྒྱ་ཆེ་སྤེལ་དང་སྤེལ་བཞིན་ཡོད། ཨོ་སི་ཊི་རི་ཡའི་བོད་རིགས་ཚོགས་པའི་ཚོགས་གཙོ་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་གསུང་དོན།  བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྔོན་འགོག་སྨན་ཁབ་ཀྱི་ལས་གཞིར་རྒྱབ་སྐྱོར་མཚོན་ཆེད་བོད་མིའི་ཁ་རྒྱུན་དུ་ཆུ་ཐིགས་བསགས་པའི་རྒྱ་མཚོ་ཞེས་པའི་དཔེ་ལྟར། ཨོ་སི་ཊི་རི་ཡའི་བོད་རིགས་ཚོགས་པའི་ཚོགས་མི་རྣམས་ནས་སྒོར་མང་ཉུང་ལ་མ་ལྟོས་པར་དཔལ་འབྱོར་ཞལ་འདེབས་ཀྱི་ལས་གཞི་འགོ་བཙུགས་པ་ཡིན། ཞེས་གསུངས།

སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས། བོད་མི་དགོས་ངེས་ཅན་ཚོའི་ཆེད་དུ་དཔལ་འབྱོར་གྱི་ཞལ་འདེབས་གནང་བ་ནི་གདུང་སེམས་མཉམ་སྐྱེ་མཚོན་གྱི་ཡོད། ཅེས་གསུངས།།

  •  
  •  
  •  
  •  
  •