ཟླ་བ་ ༡ ཚེས ༡༣ ༢༠༢༡
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༣ རེས་གཟའ་ལྷག་པ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༢ ཉིན་གྱི་དགོང་དྲོར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་ཁུངས་ཀྱི་གོ་སྒྲིག་འོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་རོ་བྷེར་ཊི་ཌེ་སི་ཊི་རོ་ (Robert A. Destro) མཆོག་གིས་དྲ་ལམ་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག  དེ་བཞིན་སྤྱི་འཐུས་རྒྱུན་ལས་རྣམ་པ་བཅས་ལ་ཁོང་གི་ལས་འགན་དང་། བོད་མིའི་སྒྲིག་འཛུགས་དང་བོད་མི་རྣམས་ནས་མཉམ་རུབ་ཀྱིས་བོད་དོན་ཆེད་དུ་ཕྱག་ལས་གནང་དགོས་པའི་གལ་གནད་སྐོར་གསུང་བཤད་གནང་ཡོད།

དེ་ཡང་སྐུ་ཞབས་རོ་བྷེར་ཊི་ཌེ་སི་ཊི་རོ་མཆོག་གིས་གསུང་དོན། བོད་མི་དང་བོད་དོན་སླད་ཞབས་འདེགས་བསྒྲུབ་ཆེད་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་མ་ཡི་ཀི་པོམ་པེའོ་ (Mike Pompeo)  མཆོག་གིས་ཕྲན་རང་ཉིད་ལ་ཡིད་ཆེས་བློ་འགེལ་གྱིས་འགན་བསྐུར་གནང་བར་རྗེས་སུ་ཡི་རང་ཞུ་རྒྱུ་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་ང་ཚོའི་ལས་ཀའི་ངོ་བོ་ནི། བོད་མི་རྣམས་ལ་དོན་ཕན་ལྡན་པའི་ཞབས་འདེགས་བསྒྲུབ་རྒྱུ་དེ་ཡིན་ཞིང་། བོད་མི་རྣམས་ཀྱི་ལས་འགན་ནི་རང་གི་ཆོས་དང་རིག་གཞུང་། སྐད་ཡིག  ངོ་བོ། དེ་བཞིན་བོད་མིའི་སྤྱི་ཚོགས་ལ་ཞབས་འདེགས་བསྒྲུབ་རྒྱུ་དེ་ཡིན། ཞེས་དང་།

ཉེ་ཆར་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བཙན་བྱོལ་བོད་མི་ཚོས་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ནང་མཉམ་ཞུགས་གནང་སྟེ་འོས་བསྡུའི་ལས་རིམ་ཁག་ཚགས་ཚུད་བྱུང་བའི་སྐོར་དང་འབྲེལ་ནས་གསུང་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་མུ་མཐུད་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། བཙན་བྱོལ་བོད་མི་རྣམས་འཛམ་གླིང་ས་ཕྱོགས་གང་སར་གནས་ཡོད་པའི་ཆ་ནས་ཁག་པོ་ཡོད་ནའང་། ང་ཚོ་དེ་རིང་ཚོགས་འདུ་འཚོགས་པ་ནང་བཞིན་མ་འོངས་པར་འདི་ལྟ་བུའི་ཚོགས་འདུ་འཚོགས་ཏེ་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་ཐོག་བགྲོ་གླེང་འཚོགས་ཆོག་གི་རེད། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ངོས་ནས་བོད་མི་རྣམས་ཀྱིས་རང་གི་ངོ་བོ་སྲུང་སྐྱོབ་བྱེད་པར་རམ་འདེགས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད། ཅེས་གསུངས།

གཞན་ཡང་ཁོང་གིས། བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་བདག་གཅེས་བྱེད་རྒྱུ་དེ་ང་ཚོའི་ལས་ཀ་མ་ཡིན་པར། དེ་ནི་བོད་མིའི་ལས་འགན་རེད། འོན་ཀྱང་བོད་མི་ཚོས་རང་གི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་བདག་གཅེས་བྱེད་པར་ང་ཚོས་བོད་མི་རྣམས་ལ་ཏན་ཏན་རམ་འདེགས་ཞུ་ཆོག་གི་རེད། བོད་མི་རྣམས་ཀྱིས་རང་གི་ཐུན་མོང་མིན་པའི་ངོ་བོ་སྲུང་སྐྱོབ་བྱེད་པར་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱིས་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་ངས་ཁས་ལེན་ཞུ་ཆོག་ཅེས་གསུངས།  ཕྱོགས་མཚུངས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་རོ་བྷེར་ཊི་ཌེ་སི་ཊི་རོ་མཆོག་གིས། རང་གི་ལས་ཡུན་རེས་གཟའ་ལྷག་པ་རྗེས་མའི་ནང་མཇུག་སྒྲིལ་མ་གནང་གོང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཟུར་པ་རྣམས་དང་འབྲེལ་གཏུག་ཞུ་རྒྱུ་དང་། དེ་ནས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཟུར་པ་རྣམས་ནས་བོད་མིའི་སྒྲིག་འཛུགས་དང་བོད་མི་རྣམས་ལ་འབྲེལ་གཏུག་གནང་ཆོག་གི་རེད། ཅེས་དང་།

ཨ་རིིའི་གཞུང་གིས་རྒྱལ་སྤྱིའི་མཐུན་ཕྱོགས་རྒྱལ་ཁབ་ཚོ་དང་མཉམ་འབྲེལ་བྱེད་དགོས་པ་དང་། དེས་བོད་མི་རྣམས་ལ་རང་གི་ཐོབ་ཐང་དང་ཐུན་མོང་མིན་པའི་ངོ་བོ་སྲུང་སྐྱོབ་བྱེད་པར་རམ་འདེགས་གནང་ཐུབ་ཀྱི་རེད། ང་ཚོས་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཚོས་ཀྱང་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་ (Reciprocal Access to Tibet Act) གཏན་འབེབས་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་། དེ་ལྟར་བྱུང་ན་རྒྱ་རིགས་ང་ཚོའི་ལུང་པར་རང་དབང་གི་སྒོ་ནས་ཡོང་ཆོག་པ་ནང་བཞིན་ང་ཚོ་ཡང་བོད་ནང་རང་དབང་གི་སྒོ་ནས་འགྲུལ་བཞུད་བྱ་ཆོག་པ་མ་ཟད། བོད་ནང་དངོས་ཡོད་གནས་ཚུལ་ག་རེ་འབྱུང་བཞིན་པའི་སྐོར་ཤེས་རྟོགས་ཡོང་ཐུབ་ཀྱི་རེད། ཅེས་གསུངས།

བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཚོགས་འདུ་གཙོ་སྐྱོང་གནང་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་དོན། ཨ་རིའི་གཞུང་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་བ་དེས་བཙན་བྱོལ་བོད་མི་རྣམས་དང་། ལྷག་པར་བོད་ནང་གི་གཞིས་ལུས་བོད་མི་རྣམས་ལ་རེ་བ་བཟང་པོའི་བརྡ་ལན་ཤུགས་ཆེན་པོ་ཞིག་སྤྲད་ཡོད། ཅེས་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་རོ་བྷེར་ཊི་ཌེ་སི་ཊི་རོ་མཆོག་གིས་ལས་ཡུན་ཐུང་ངུ་ཞིག་གི་ནང་དྲ་རྒྱའི་ཐོག་མཉམ་ཞུགས་གནང་སྟེ་བོད་དོན་སྐོར་གསུང་བཤད་གང་མང་གནང་ཡོད་སྟབས་ཧ་ཅང་དམིགས་བསལ་ཅན་ཞིག་ཆགས་ཡོད་པ་དང་། སྐུ་ཞབས་རོ་བྷེར་ཊི་ཌེ་སི་ཊི་རོ་མཆོག་ནི་བོད་དོན་སླད་ཧུར་ཐག་གནང་མཁན་དང་བོད་མིའི་རྩ་དོན་གྱི་མགྲིན་ཚབ་པ་ཞིག་ཆགས་ཡོད། ཅེས་གསུངས།

ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས། སྐུ་ཞབས་རོ་བྷེར་ཊི་ཌེ་སི་ཊི་རོ་མཆོག་གིས་དབུས་ཕྱག་རོགས་རྣམ་པས་བོད་ནང་གི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་གནང་བ་དང་། དེ་བཞིན་ཨ་རིའི་གྲོས་ཚོགས་གོང་འོག་ནས་ཕྱི་ལོ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་སྤྱི་མོས་ཐོག་ངོས་བཞེས་གནང་སྟེ་ཕྱི་ལོ ༢༠༢༠ ཟླ་ ༡༢ ཚེས་ ༢༧ ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཌི་ཊི་རམ་ཕི་མཆོག་གིས་ཁྲིམས་འཆར་ལ་མཚན་རྟགས་བཀོད་དེ་ཁྲིམས་སུ་གཏན་འབེབས་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས། དཔལ་འབྱོར་བཀའ་བློན་ཀརྨ་ཡི་ཤེས་མཆོག་གིས། ཨ་རིའི་གཞུང་གིས་རྒྱུན་དུ་བོད་མི་རྣམས་ལ་དཔལ་འབྱོར་གྱི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཨ་རིའི་རོགས་ཚོགས་ (USAID) ནས་བོད་མིའི་སྒྲིག་འཛུགས་ལ་ཐད་ཀར་རོགས་དངུལ་གནང་རྒྱུ་ཞལ་བཞེས་གནང་ཡོད་པ་དང་། མ་འོངས་པར་བོད་མིའི་སྒྲིག་འཛུགས་ལ་རོགས་དངུལ་ཐད་ཀར་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས།

ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས། ཨ་རིའི་གཞུང་གིས་བཙན་བྱོལ་བོད་མིའི་ཤེས་ཡོན་དང་། ལྷག་པར་ཨ་རིའི་སློབ་ཡོན་ལས་གཞི་ཆེད་རོགས་དངུལ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།

ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་ཨ་རིིའི་གཞུང་གིས་རྒྱ་བལ་འབྲུག་གསུམ་ནང་གི་བཙན་བྱོལ་བོད་མི་རྣམས་ལ་དཔལ་འབྱོར་གྱི་རོགས་རམ་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་ཡོད།

འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་ཨ་རིིའི་རོགས་ཚོགས་ (USAID) དང་ (PRM) བཅས་ནས་རོགས་དངུལ་གནང་བར་བརྟེན་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་བཙན་བྱོལ་བོད་མི་རྣམས་ལ་ཚགས་ཚུད་ངང་ཞབས་འདེགས་ཞུས་ཐུབ་པ་བྱུང་ཡོད། ཅེས་གསུངས།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོ་འཕེལ་རིམ་སྐོར་གསུངས་པ་དང་། སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཨ་རིའི་ཕྱི་སྲིད་ལྷན་ཁང་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་བར་གཞོགས་འདེགས་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས།།

 

  •  
  •  
  •  
  •  
  •