ཟླ་བ་ ༡ ཚེས ༨ ༢༠༢༡
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༨ རེས་གཟའ་པ་སངས། 

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༡ ཉིན་ཨ་རིའི་གྲོས་ཚོགས་གོང་འོག་ནས་ཕྱི་ལོ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་སྤྱི་མོས་ཐོག་ངོས་བཞེས་གནང་སྟེ་ཕྱི་ལོ ༢༠༢༠ ཟླ་ ༡༢ ཚེས་ ༢༧ ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཌི་ཊི་རམ་ཕི་མཆོག་གིས་ཁྲིམས་འཆར་ལ་མཚན་རྟགས་བཀོད་དེ་ཁྲིམས་སུ་གཏན་འབེབས་གནང་བ་དེ་ནི་བོད་མིའི་ཁྲོད་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་དང་གྲུབ་འབྲས་ཆེན་པོ་ཞིག་ལ་ངོས་འཛིན་གྱིས་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༨ ཉིན་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་དགའ་སྟོན་གྱི་མཛད་སྒོ་སྟབས་བདེ་ཞིག་གོ་སྒྲིག་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་ཁག་གི་དྲུང་གཞོན་ཡན་གྱི་སྲི་ཞུའི་ལས་བྱེད་རྣམས་ཚང་འཛོམས་ཀྱིས་ཐོག་མར་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ལགས་ཀྱིས་གསུང་བཤད་གནང་དོན། དཔལ་ལྡན་མཛད་གཙོ་རྣམ་པ་ཡོངས་ལ་ནང་ཁུལ་གྱི་མགྲོན་བརྡ་ཕུལ་བ་བཞིན་གལ་ཆེ་བརྩིས་ཏེ་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༡ ཉིན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་ངོས་བཞེས་གཏན་འབེབས་དང་། ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༧ ཉིན་ཨ་རིའི་སྲིད་འཛིན་མཆོག་གིས་ཁྲིམས་འཆར་དེར་བཀའ་འཁྲོལ་མཚན་རྟགས་བསྐྱོན་ཏེ་ལོ་རྒྱུས་རང་བཞིན་ལྡན་པའི་ཁྲིམས་ཡིག་ཞིག་ཏུ་གྱུར་ཡོད། ཁྲིམས་ཡིག་དེས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་བརྩེ་དང་འཚེ་བ་མེད་པའི་མཛད་རྗེས་ལ་ཚད་མཐོའི་གཟེངས་བསྟོད་དང་། བོད་བསྟན་སྲིད་ཀྱི་རྩ་དོན་ལ་ཚད་མཐོའི་རྒྱབ་སྐྱོར། བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་བཙན་བྱོལ་བོད་མིའི་མང་གཙོ་འཕེལ་རིམ་ལ་ངོས་འཛིན་གནང་བའི་གནས་སྟངས་ཤིག་ཆགས་ཡོད།

མདོར་ན། ང་ཚོའི་རྩ་དོན་གྱི་འཐབ་རྩོད་ལ་རྒྱལ་ཁ་ཆེན་པོ་ཞིག་བྱུང་ཡོད། དོན་འབྲས་བཟང་པོ་འདི་ཐོན་སླད་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་ལ་མ་འཛེམས་པར་ཁྲིམས་ཡིག་འདིའི་སླད་ཨ་རིར་ཐེངས་ཁ་ཤས་ཕེབས་ཡོད། སྐབས་དེར་ཨ་རིའི་ནང་སྲིད་དོན་གྱི་རྙོག་གླེང་ཡོད་མིན་ལ་མ་ལྟོས་པར་ས་གནས་ཀྱི་དཔོན་རིགས་དང་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་དང་མཇལ་འཕྲད་གནང་སྟེ་ཞུ་གཏུག་ལས་འགུལ་སྤེལ་ཡོད། ཁྲིམས་ཡིག་འདིའི་སླད་ཕྱག་ལས་གནང་མཁན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙོས་འབྲེལ་ཡོད་ལས་བྱེད་དང་། ཚོགས་སྐྱིད། མང་ཚོགས་བཅས་དང་། དེ་བཞིན་དངོས་ཤུགས་བརྒྱུད་གསུམ་ནས་སྐུ་ལས་བསྐྱོན་མཁན་ཡོངས་ལ་ངས་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་རིང་འདིར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁྲིམས་ཡིག་འདིའི་བརྒྱུད་རིམ་དང་། འགྲོ་སྟངས། ལྷག་པར་ཁྲིམས་ཡིག་གི་ནང་དོན་གལ་ཆེ་ཁག་གཅིག་ངོ་སྤྲོད་གནང་རྒྱུ་ཡིན་པར་ཚང་མས་ཐུགས་སྣང་དང་གསན་གཟིགས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་དང་། ངས་ཨ་རིའི་གཞུང་མང་གཉིས་ལ་བོད་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་བཞིན་ཁྲིམས་སུ་གཏན་འབེབས་གནང་བར་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན། ཞེས་གསུངས།

དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་དོན།  ཐེངས་འདིའི་ཁྲིམས་འཆར་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཆགས་ཀྱི་ཡོད། ངས་དེ་རིང་ཁྲིམས་འཆར་འདི་ཉིད་ཁྲིམས་སུ་གཏན་འབེབས་ཇི་ལྟར་གནང་བའི་བརྒྱུད་རིམ་སྐོར་རོབ་ཙམ་ཞུ་རྒྱུ་ཡིན། ཨ་རིའི་ནང་ཁྲིམས་གཏན་འབེབས་གནང་བར་གྲོས་ཚོགས་གོང་འོག་གཉིས་ནས་གཏན་འབེབས་དང་། དེ་ནས་སྲིད་འཛིན་མཆོག་གིས་མཚན་རྟགས་བསྐྱོན་ཏེ་ཁྲིམས་སུ་འགྱུར་གྱི་ཡོད། བོད་དོན་དང་འབྲེལ་བའི་ཁྲིམས་འཆར་འདི་ཉིད་ཐོག་མར་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་ནང་ཟིན་བྲིས་བཏོན་ཡོད།  དེའི་ནང་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག་དང་། གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་ཚོགས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་ (Marco Rubio) མཆོག་ཡོད།  ཁོང་རྣམ་གཉིས་ཚོགས་གཙོ་ཡིན་སྟབས་ང་ཚོར་རྒྱབ་སྐྱོར་གནང་མཁན་ཤུགས་ཆེ་ཤོས་གཉིས་སླེབས་ཡོད།

དེའི་ནང་ལས་བྱེད་རྐང་འགན་འཁྱེར་མཁན་གྱི་ནི་སྐུ་ཞབས་ཇོ་ན་ཐན་སི་ཊི་ཝར་ (Jonathan Stivers ) ལགས་རེད། ཁོང་ནི་ལྕམ་སྐུ་ནེན་སི་པི་ལོ་སིའི་ལས་བྱེད་རེད། ཁོང་རྣམ་པ་ནི་བོད་དོན་ལ་སེམས་ཤུགས་ཡོད་མཁན་ཤ་སྟག་ཡིན། ཚོགས་གཙོ་གཉིས་ཀྱིས་གཙོས་ལས་བྱེད་རྣམ་པ་ཡང་བོད་དོན་ཐད་ལས་དོན་བྱེད་མཁན་ཞིག་ཡིན་པར་བརྟེན་ཁྲིམས་འཆར་ཐོག་ཟིན་བྲིས་སླེབས་ཡོད།  ཁྲིམས་འཆར་དེ་བཏོན་རྗེས་ཚོགས་ཆུང་ལ་བགོ་དགོས་ཀྱི་ཡོད་པ་མ་ཟད། གྲོས་ཚོགས་འོག་མའི་ཕྱི་སྲིད་ཚོགས་ཆུང་ནས་ཞིབ་འཇུག་གནང་རྗེས་ལས་དོན་ཚོགས་ཆུང་གིས་འགག་བྱ་མེད་པ་བཟོ་དགོས། དེ་དག་གི་ནང་ནས་གནད་འགག་ཆེ་ཤོས་དེ་ཕྱི་སྲིད་ལས་ཁུངས་ཡིན།  

ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནི་ཧ་ཅང་གལ་ཆེན་པོ་རེད།  ཁྲིམས་འཆར་གྱི་ཟིན་བྲིས་བཟོས་པ་རྣམས་གྲོས་ཚོགས་གོང་འོག་གཉིས་ལ་ཕུལ་དགོས། གྲོས་ཚོགས་གོང་མའི་ཚོགས་གཙོ་སྐུ་ཞབས་ཇེམ་སི་ (James E. Risch) མཆོག་ཡིན། གྲོས་ཚོགས་འོག་མའི་ནང་མང་གཙོ་ཚོགས་པ་དང་གྲོས་ཚོགས་གོང་མའི་ནང་སྤྱི་མཐུན་ཚོགས་པ་ཡིན། ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཡང་སྐུ་ཞབས་ཇེམ་སི་ (James E. Risch) མཆོག་ཡིན། ཕྲན་རང་ལོ་ལྟར་ཧེ་ལི་ཕེག་སི་ལོ་འཁོར་གླེང་སྟེགས་ (annual Halifax Forum) ཐོག་ཕྱིན་པའི་སྐབས་སྐུ་ཞབས་ཇིམ་རི་ཤི་མཆོག་དང་འབྲེལ་ཡོད་ལས་བྱེད་མི་སྣ་རྣམས་དང་ལྷན་ཐུག་འཕྲད་བྱུང་།

ཁྲིམས་འཆར་འདི་ཉིད་གྲོས་ཚོགས་ནང་སླེབས་ཏེ་འོས་འཕེན་དགོས་ཀྱི་ཡོད། གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་ཡིན་པ་དང་སྐུ་ཞབས་ཇེམ་མེག་གྷོ་ཝན་མཆོག་ནི་ཁྲིམས་འཆར་ཚོགས་ཆུང་གི་ཚོགས་གཙོ་ཡིན། ཚང་མས་མཁྱེན་གསལ་རེད། ཨ་རིའི་མང་གཙོ་དང་སྤྱི་མཐུན་ཚོགས་པ་དབར་འཆམ་མཐུན་མེད་སྟབས་ཁོང་རྣམ་པས་གྲོས་ཚོགས་གོང་མར་ཤུགས་རྒྱོབ་ཅེས་གསུང་སོང་།

མཐར་ཨ་རིའི་སྲིད་འཛིན་མཆོག་གིས་མཚན་རྟགས་དགོད་དགོས་ཀྱི་ཡོད་སྟབས། ཕོ་བྲང་དཀར་པོའི་ལས་བྱེད་རྣམས་ངོ་ཤེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གང་ཡིན་ཟེར་ན་མཚན་རྟགས་མ་བཀོད་གོང་ཕོ་བྲང་དཀར་པོའི་ལས་བྱེད་རྣམས་ཀྱིས་ཁྲིམས་འཆར་དེར་མཚན་རྟགས་བསྐྱོན་དགོས་པའི་དགོས་པ་དང་རྒྱུ་མཚན་སོགས་ཆ་ཚང་སྲིད་འཛིན་མཆོག་ལ་སྙན་སེང་ཞུ་གི་ཡོད། དཔེར་ན། ༢༠༠༢ ལོར་ཁྲིམས་འཆར་གཏན་འབེབས་གནང་ཡོད། དེར་གཙོ་ཆེ་ཤོས་ནི་རྒྱ་རི་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཅས་ནས་སྐུ་ལས་ཧ་ཅང་གནང་ཡོད། ཕྱི་ལོ་ ༢༠༠༢ ལོའི་ཁྲིམས་འཆར་ཡོད་པ་ལ་བརྟེན་ནས་ཕྱི་ལོ ༢༠༢༠ ལོའི་ཁྲིམས་འཆར་བཟོས་ཐུབ་ཡོད། ཐེངས་འདིར་ཨ་རིའི་སྲིད་འཛིན་ཌོ་ནལ་ཌི་ཊི་རམ་ཕི་མཆོག་གིས་ཁྲིམས་འཆར་དེར་མཚན་རྟགས་སྐྱོན་སྐབས་དགག་བྱ་གང་ཡང་གནང་མེད་སྟབས། མ་འོངས་པར་སྲིད་འཛིན་སུ་འདྲ་ཞིག་ཕེབས་ནའང་ལས་དོན་ལག་བསྟར་གནང་བའི་སྐབས་ཐེ་ཚོམ་མེད་པ་ཞིག་ཆགས་ཀྱི་ཡོད། ཅེས་སོགས་དང་།

མཐར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཁྲིམས་སུ་གཏན་འབེབས་གནང་ཐུབ་པར་བརྟེན།  དགའ་ཚོར་ཆེན་པོས་ཁྲིམས་འཆར་ཐོག་ཤུགས་སྣོན་བརྒྱག་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་དང་དེ་དག་གི་ལས་བྱེད། ནིའུ་ཡོག་དང་ནིའུ་ཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ཨ་རིར་གནས་སྡོད་བོད་མི། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། ས་གནས་གཞོན་ནུ་སོགས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་བཅས། །

ཨ་རིའི་གྲོས་ཚོགས་འཐུས་མི་དང་དེ་དག་གི་ལས་བྱེད་རྣམ་པའི་མཚན་གཞུང་གཤམ་གསལ།

Speaker Nancy Pelosi

Majority leader of Senate Mitch McConnell 

Minority leader of Senate Senator Chuck Schumer 

Rep. Jim McGovern and Co-sponsor Chris Smith 

Senator Rubio and Co-sponsor Ben Cardin

Senator Jim Risch, Chair of Senate Foreign Relations Committee

Senator Bob Menendez

Representatives Eliot L. Engel and Michael McCaul, Chair and Co-Chair of the House Foreign Affairs Committee

Reva Price of Speaker’s office — Senior Advisor to Speaker Pelosi

Jennifer Hendrixson-White — Senior House Foreign Affairs Committee Staffer

Brian, House Foreign Affairs Committee

Bethany Poulos, Foreign Affairs Advisor for Senator Rubio’s office

Michael Schiffer, Senior Senate Foreign Relations Committee Staffer

Charlotte Oldham-Moore, Senior Senate Foreign Relations Committee Staffer

Lara Crouch, Indo-Pacific Senate Foreign Relations Committee Staffer 

Chris Socha, Chairman Risch’s top senior foreign policy advisor and staff director for SFRC

Jonathan Stivers, key in drafting the bill — Staff Director of the Congressional-Executive Commission on China 

  •  
  •  
  •  
  •  
  •