ཟླ་བ་ ༡ ཚེས ༡༠ ༢༠༢༡
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༠ རེས་གཟའ་ཉི་མ།

 

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་དང་སྲོག་གི་བསྟི་གནས་ཁང་གིས་གོ་སྒྲིག་ཞུས་དོན་ལྟར། སའི་གོ་ལའི་གནམ་གཤིས་ཚ་དྲོད་སྲུང་སྐྱོབ་དང་ཁོར་ཡུག་ལས་འགུལ་བ་གྲགས་ཆེན་གཞོན་ནུ་མ་གྷེ་རེ་ཊ་ཐན་བྷག་ (Greta Thunberg) ལགས་དང་། ཕྱི་ལོ་ ༢༠༠༧ ལོའི་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཝི་ལི་ཡམ་མོ་མའོ་(William Moomaw) མཆོག ཨར་ཊིཀ་གླིང་ཁུལ་གྱི་ཚན་རིག་པ་གྲགས་ཅན་ལྕམ་སྐུ་སུ་སན་ན་ཏ་ལི་ (Susan Natali) ལགས། དེ་བཞིན་དེང་དུས་ཚན་རིག་པ་ཁག་གཅིག་དང་ལྷན་གོ་ལའི་ཚ་དྲོད་ཀྱི་ཛ་དྲག་གནས་སྟངས་ (The Crisis of Climate Feedback Loops) ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་མཛད་ཡོད། བགྲོ་གླིང་འདི་བཞིན་ལྕམ་སྐུ་ཌ་ཡི་ན་ཆབ་མན་ཝལ་ཤི་ (Diana Chapman Walsh) ལགས་ཀྱིས་གཙོ་སྐྱོང་གནང་ཡོད།

དེ་ཡང་བགྲོ་གླིང་དངོས་སུ་དབུ་འཛུགས་མ་ཞུ་གོང་གི་སྐར་མ་ལྔ་ཙམ་གྱི་སྔོན་སེམས་དང་སྲོག་གི་བསྟི་གནས་ཁང་གི་འགན་འཛིན་ལྕམ་སྐུ་སུ་སན་བྷོ་ཨར་ཝུ་ ( Susan Bauer-Wu) ལགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྐུ་གཟུགས་གསལ་ཐང་ཡིན་ནམ་ཞེས་བཀའ་འདྲི་ཞུ་སྐབས་མགོན་པོ་གང་ཉིད་མཆོག་གིས། ཁྱེད་ཀྱིས་ངོས་ཀྱི་གདོང་ལ་ཞིབ་ཏུ་གཟིགས་དང་། ལོ་བགྲེས་པོ་ཆགས་ཡོད་ཀྱང་ངོས་རང་ལུས་སེམས་གཉིས་ཀ་བདེ་ཐག་ཆོད་ཡོད། དཀའ་ངལ་གང་ཡང་མེད། ཅེས་དང་།  སྨན་བཅོས་ཡག་ཤོས་ནི་ཆུ་ཚོད་དགུ་དང་བཅུའི་རིང་གཉིད་ཉལ་རྒྱུ་དེ་ཡིན་ཞིང་། དེ་ལྟར་བྱུང་ན་གྲོད་ཁོག་ནང་ཟས་བཞུ་རྒྱུར་དཀའ་ངལ་འཕྲད་ཀྱི་མ་རེད། གཟུགས་པོའི་འཕྲོད་བསྟེན་ཡག་པོ་ཡོང་བའི་འབྱུང་རྐྱེན་ནི་གཉིད་ཉལ་རྒྱུ་དེ་ཡིན།  ཉམས་ལེན་པ་ཞིག་ཡིན་པའི་ཆ་ནས་ངོས་ཀྱི་སེམས་ཧ་ཅང་ཞི་བདེ་ཡོད། ཅེས་བཀའ་སློབ་བསྩལ། 

གཞན་ཡང་སྐབས་རེར་ངོས་ཀྱིས་སྐྱོན་བརྗོད་རིགས་གོ་ཐོས་བྱུང་བའི་སྐབས་རྒྱ་གར་གྱི་མཁས་པའི་དབང་པོ་རྒྱལ་སྲས་ཞི་བ་ལྷས་གཞན་ཕན་གྱི་བློ་ཉམས་ལེན་བྱེད་པར་རང་གི་དགྲ་བོ་ནི་དགེ་རྒན་ཡག་ཤོས་ཡིན་པའི་སྐོར་གསུངས་ཡོད། བཟོད་པ་སྒོམ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། བཟོད་སྒོམ་བྱེད་རྒྱུ་དེ་གྲོགས་པོ་བརྒྱུད་ནས་ཡོང་གི་མེད། དགྲ་ཟླ་ཚོས་ཁྱེད་རང་ལ་སྐྱོན་བརྗོད་བྱེད་སྐབས་ཁོང་ཚོ་ཁྱེད་རང་གི་དགེ་རྒན་ཡིན་པ་ལྟ་བུར་བསྒོམ་དགོས། སེམས་ཞི་བདེ་དང་ལྡན་པ་ཡོང་བར་བཟོད་སྒོམ་བྱེད་རྒྱུ་ཐབས་ལམ་ཡག་ཤོས་ཡིན། ངོས་ལ་བདེ་སྐྱིད་འབྱུང་རྐྱེན་ངོ་མ་ནི་ངོས་ཀྱིས་མི་ཚེ་ཧྲིལ་པོར་མཆེད་གྲོགས་ཕོ་མོ་གཞན་རྣམས་ཀྱི་ཆེད་དུ་ཕན་བདེ་བསྒྲུབས་པ་ལ་བརྟེན་ནས་བྱུང་བ་ཡིན། འཛམ་གླིང་འདིའི་ནང་མི་མང་པོ་ཞིག་གིས་ངོས་རང་མི་བཟང་པོ་ཞིག་ཡིན་པ་རྩི་ཡི་ཡོད།  ནང་པའི་ཆོས་ཉམས་ལེན་པ་ཞིག་ཡིན་པའི་ཆ་ནས་ངོས་ཀྱིས་འཛམ་གླིང་གི་མི་ཐེར་འབུམ་བདུན་ལ་ཞབས་འདེགས་སྒྲུབ་བཞིན་ཡོད། ངོས་ཀྱི་མི་ཚེ་ཧྲིལ་པོ་མི་གཞན་གྱི་བདེ་སྡུག་སླད་བློས་བཏང་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།

དེ་ནས་སུ་སན་བྷོ་ཨར་ཝུ་ ( Susan Bauer-Wu) ལགས་ཀྱིས་ཐེངས་འདིའི་དྲ་ཐོག་གི་བགྲོ་གླེང་ལས་རིམ་གཟིགས་མཁན་འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་མི་ས་ཡ་མང་པོ་ཡོད། ཅེས་ཞུས་རྗེས་ཌ་ཡི་ན་ཆབ་མན་ཝལ་ཤི་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འཇར་མན་ནིའི་གསར་འགོད་པ་ཧྥི་རན་ཛི་ཨལ་ཊི་ (Franz Alt)  ལགས་ཀྱིས་བརྩམས་གནང་བའི་ང་ཚོའི་ཁྱིམ་གཞིས་གཅིག་པུ་སྟེ། གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་འཛམ་གླིང་ཡོངས་ལ་གཞེན་སྐུལ་ (Our Only Home: A Climate Appeal to the World) ཞེས་པའི་དཔེ་དེབ་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁོར་ཡུག་ལས་འགུལ་བ་གྲགས་ཆེན་གཞོན་ནུ་མ་གྷེ་རེ་ཊ་ཐན་བྷག་ལགས་ལ་གསུང་འཕྲིན་ཞིག་སྩལ་བའི་སྐོར་འཁོད་ཡོད་པ་དང་། མགོན་པོ་གང་ཉིད་མཆོག་གིས་གྷེ་རེ་ཊ་ཐན་བྷག་ལགས་ལ་གསུང་འཕྲིན་ཞིག་བསྩལ་རྒྱུའི་སེམས་ཤུགས་ཇི་ལྟར་བསྐྱེད་བྱུང་ངམ། ཞེས་བཀའ་འདྲི་ཞུས་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལན་སྩལ་དོན། ངོས་ཀྱིས་གཞོན་སྐྱེས་བུ་མོ་ཞིག་གིས་ཁོར་ཡུག་སྲུང་སྐྱོབ་སྐོར་བསམ་བློ་གཏོང་གི་ཡོད་པ་གོ་ཐོས་བྱུང་བའི་སྐབས་དངོས་གནས་ཡིད་སྨོན་སྐྱེས་བྱུང་། སེམས་ཤུགས་སྐྱེད་འོས་པ་ཞིག་རེད།

གཞོན་སྐྱེས་ཁྲོད་ནས་འཛམ་གླིང་སྤྱི་དང་ང་ཚོའི་མ་འོངས་པའི་སྐོར་ལྷག་བསམ་རྣམ་དག་གིས་ཐུགས་ཁུར་གནང་བཞིན་ཡོད་པ་ནི་དངོས་འབྲེལ་རེ་བ་ཡོད་པའི་རྟགས་མཚན་ཞིག་མཐོང་གི་འདུག  སྤྱིར་འགྲོ་བ་མི་ཚུད་པའི་སེམས་ཅན་འབུ་སྲིན་ཕྲ་མོ་ཚང་མ་བདེ་སྐྱིད་འདོད་ཀྱི་ཡོད་པ་ཐེ་ཚོམ་མེད། དེར་བརྟེན་ཚང་མས་སོ་སོའི་འཚོ་གནས་ལ་ཐུགས་ཁུར་བྱེད་ཀྱི་ཡོད། འགྲོ་བ་མིའིི་ཀླད་པ་ནི་སེམས་ཅན་གཞན་ལས་ཁྱད་དུ་འཕགས་པ་ཞིག་རེད། འོན་ཀྱང་ང་ཚོས་འཛམ་གླིང་འདིའི་སྟེང་ཞིབ་ཏུ་བརྟག་པ་ཡིན་ན་འགྲོ་བ་མི་ནི་རྙོག་གྲ་མང་ཤོས་བཟོ་མཁན་དེ་ཆགས་ཡོད། སེམས་ཅན་གཞན་གྱིས་ཉིན་རེའི་འཚོ་བའི་ནང་བཟའ་བཏུང་དང་གཉིད་ཉལ་རྒྱུ། དེ་བཞིན་འཁྲིག་སྤྱོད་བྱེད་རྒྱུ་ཙམ་ལས་གཞན་བྱེད་ཀྱི་མེད། ང་ཚོ་འགྲོ་བ་མི་ནི་ཧ་ཅང་འདོད་རྔམས་ཆེན་པོ་རེད།

མིས་ང་ཚོ་དང་ཁོང་ཚོ་ཞེས་པའི་བསམ་བློ་ཧ་ཅང་ཤུགས་ཆེན་པོ་གཏོང་གི་ཡོད། འགྲོ་བ་མིའི་ལོ་རྒྱུས་ནང་བལྟས་པ་ཡིན་ན་འཛམ་གླིང་འདིའི་སྟེང་འཚོ་བཞིན་པའི་སྲོག་ཆགས་རིགས་འདྲ་མིན་ཚང་མའི་ནང་ནས་འགྲོ་བ་མིས་ཕྱོགས་གཅིག་ནས་ལེགས་པའི་ཆ་མང་པོ་བཟོས་ཡོད་ཀྱང་། དེ་དང་མཉམ་དུ་དཀའ་ངལ་ཡང་ཧ་ཅང་མང་པོ་བཟོས་ཡོད། དེང་སང་ཁོར་ཡུག་གི་དཀའ་ངལ་མང་པོ་ཞིག་ནི་ང་རང་ཚོ་རང་གིས་བཟོས་པ་ཡིན། ང་ཚོའི་ཀླད་པ་ནི་ངོ་མཚར་སྐྱེ་དགོས་པ་ཞིག་རེད། ཡིན་ཡང་ང་ཚོས་རང་ཉིད་གཅིག་པུ་དང་། དེ་ནས་ང་ཚོའི་རྒྱལ་ཁབ་དང་ལུང་པ། ཐ་མ་ནང་མིའི་སྐོར་བསམ་བློ་གཏོང་གི་ཡོད། རིམ་པས་ང་ཚོས་བསམ་བློ་ཧ་ཅང་རྒྱ་ཆུང་ས་ཞིག་ལ་གཏོང་གི་ཡོད། དངོས་ཡོད་གནས་སྟངས་ལ་དེང་སང་འཛམ་གླིང་གི་འགྲོ་བ་མི་ཡོངས་རྫོགས་ཚོགས་སྡེ་གཅིག་ཆགས་ཡོད། ད་ལྟ་ང་ཚོས་འགྲོ་བ་མི་ཡོངས་རྫོགས་ལ་བསམ་བློ་གཏོང་དགོས་པའི་དུས་ལ་བབས་ཡོད། ཅེས་བཀའ་ལན་སྩལ།

དེ་རྗེས་གྷེ་རེ་ཊ་ཐན་བྷག་ལགས་ཀྱིས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁོར་ཡུག་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་སྲུང་སྐྱོབ་ཆེད་གོ་རྟོགས་ཤུགས་ཆེ་སྤེལ་གནང་མཛད་པ་དང་། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་ང་ཚོའི་ཆེད་དུ་རྒྱབ་སྐྱོར་གནང་བར་ང་ཚོ་གཞོན་སྐྱེས་རྣམས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་ལོ་ཆེ་ཆུང་གི་ཆ་ནས་ཁྱད་པར་ཡོད་རུང་ཐུན་མོང་གི་དམིགས་ཡུལ་ནི་ང་ཚོས་ཁོར་ཡུག་སྲུང་སྐྱོབ་བྱེད་བཞིན་ཡོད་པ་དེ་གཅིག་པ་ཡིན། ཞེས་གསུངས།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་ཀྱིས་སི་ཝེ་ཌན་ནས་ཡིན་པའི་ཁོར་ཡུག་ལས་འགུལ་བ་གཞོན་སྐྱེས་གྷེ་རེ་ཊ་ཐན་བྷག་ལགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་སླད་ལས་འགུལ་སྤེལ་བཞིན་ཡོད་པ་གོ་ཐོས་བྱུང་བས་དངོས་གནས་དྲང་གནས་རེ་བ་ཞིག་འདུག་སྙམ་བྱུང་།  དེང་སང་མི་ཚོས་འཛམ་གླིང་གི་བདེ་སྡུག་དང་ཁོར་ཡུག་སྐོར་སྐད་ཆ་ཤོད་མཁན་ཉུང་ཉུང་རེད། གཞོན་སྐྱེས་ཚོའི་ཁྲོད་ནས་ཁོར་ཡུག་སྲུང་སྐྱོབ་ཐད་ཕྱག་ལས་གནང་བཞིན་ཡོད་པ་ནི་མ་འོངས་པར་རེ་བ་ཡོད་པའི་རྟགས་མཚན་ཞིག་མངོན་གྱི་འདུག

ང་ཚོའི་མི་རབས་འདི་རྫོགས་འགྲོ་ཡི་ཡོད། ང་ཚོའི་རེ་བ་ཚང་མ་གཞོན་སྐྱེས་གྷེ་རེ་ཊ་ཐན་བྷག་ལགས་དང་འདྲ་བའི་མི་རབས་གསར་པ་རྣམས་ལ་བརྟེན་དགོས། ང་ཚོའི་མི་རབས་འདིས་དཀའ་ངལ་མང་དག་ཅིག་བཟོས་ཡོད། གཞོན་སྐྱེས་རྣམས་ཀྱིས་དཀའ་ངལ་དེ་དག་སེལ་ཐབས་གནང་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ།

དེ་རྗེས་ཁོར་ཡུག་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་ཛ་དྲག་སྐོར་གྱི་དངོས་བྱུང་གློག་བརྙན་ཞིག་གཟིགས་འབུལ་ཞུས་པ་དང་འབྲེལ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། ངོས་ཀྱི་འོས་འགན་ཞིག་ཀྱང་ཡིན།  ང་ཚོས་ལྗོན་ཤིང་གང་མང་འདེབས་འཛུགས་བྱེད་དགོས། འདི་ལྟར་བྱེད་པར་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་སྐོར་ཤེས་ཡོན་དང་གོ་རྟོགས་སྤེལ་རེས་གནང་དགོས། ངོས་ལ་ལོ་མང་གོང་ནས་ཕུགས་འདུན་ཞིག་ཡོད། ངོས་རང་ཡུ་རོབ་དང་ཨ་ཕི་རི་ཁའི་ཡུལ་གྲུ་ཁག་གི་ནང་གནམ་གྲུ་བརྒྱུད་བསྐྱོད་པའི་སྐབས་ཨ་ཕི་རི་ཁའི་ཡུལ་གྲུ་མང་པོ་ཞིག་བྱེ་ཐང་ཆགས་ཡོད་པ་མཐོང་བྱུང་། དེ་བཞིན་ཨོ་སི་ཊི་ལི་ཡ་ཡང་རྒྱ་མཚོའི་ཉེ་འགྲམ་མ་གཏོགས་ས་ཁུལ་གཞན་མང་པོ་ཞིག་བྱེ་ཐང་དུ་གྱུར་འདུག འོན་ཀྱང་ཨོ་སི་ཊི་ལི་ཡ་ཕྱོགས་བཞི་ཀ་རྒྱ་མཚོས་བསྐོར་ཡོད། ད་ལྟ་ང་ཚོར་རྒྱ་མཚོའི་ཆུ་དེ་འཐུང་ཆུ་དང་ཞིང་ཁར་བེད་སྤྱོད་གཏོང་ཐུབ་པའི་བཟོ་ལས་རིག་རྩལ་ཡོད།

ཨོ་སི་ཊི་ལི་ཡ་ནི་ས་ཆ་ཧ་ཅང་རྒྱ་ཆེན་པོ་རེད། ས་ཆ་མང་པོ་ཞིག་ཞིང་སར་བསྒྱུར་ཐུབ་ཀྱི་རེད། དེ་བཞིན་ས་ཧ་རའི་ནུབ་ཁུལ་དུ་སྡོད་མཁན་ཚོས་ཀྱང་མེ་ཌི་ཏྲེ་ནི་ཡན་རྒྱ་མཚོའི་ (Mediterranean Sea) ཆུ་འཐུང་ཆུ་དང་། ས་ཧ་ར་ (Sahara) ཞིང་སར་བསྒྱུར་ཐུབ་ཀྱི་རེད། ངོས་ལ་དེ་འདྲའི་ཕུགས་འདུན་ཡོད། དེ་འདྲ་ཡོང་སྲིད་པ་ཞིག་རེད།

གོང་དུ་གློག་བརྙན་ནང་གོ་ལའི་ཚ་དྲོད་ལ་བརྟེན་ནས་འཛམ་གླིང་གི་བྱང་མའི་འཁྱགས་རུམ་དེ་དག་གཞུར་བཞིན་པའི་སྐོར་བསྟན་བྱུང་།  གློག་བརྙན་དེ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་ལྷག་བསམ་རྣམ་དག་གིས་གཞུར་བཞིན་པའི་འཁྱགས་རུམ་དེ་དག་ཇི་ལྟར་སྲུང་སྐྱོབ་དང་འབྱུང་རྐྱེན་གྱི་གནད་དོན་ཐད་བསམ་བློ་ངེས་པར་གཏོང་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས། ནགས་ཚལ་ཐོག་ཆེད་མཁས་ཚན་རིག་པ་གྲགས་ཅན་སྐུ་ཞབས་ཝི་ལི་ཡམ་མོ་མའོ་མཆོག་དང་ཨར་ཊིཀ་གླིང་ཁུལ་གྱི་གནམ་གཤིས་ཚ་དྲོད་ཐོག་ཆེད་མཁས་ཚན་རིག་པ་གྲགས་ཅན་ལྕམ་སྐུ་སུ་སན་ན་ཏ་ལི་ལགས། སའི་གོ་ལའི་གནམ་གཤིས་ཚ་དྲོད་སྲུང་སྐྱོབ་དང་ཁོར་ཡུག་ལས་འགུལ་བ་གྲགས་ཆེན་གཞོན་ནུ་མ་གྷེ་རེ་ཊ་ཐན་བྷག་ལགས་སོགས་ཀྱིས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཛ་དྲག་དང་། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་དང་གོ་ལའི་ཚ་དྲོད་ཉུང་དུ་གཏོང་ཐབས་སོགས་ཀྱི་སྐོར་བགྲོ་གླེང་ལྷུག་པོར་གནང་ཡོད།

བགྲོ་གླེང་མཐའ་བསྡོམས་སྐབས། མགོན་པོ་གང་ཉིད་མཆོག་གིས།  ངོས་ཀྱིས་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨོ་བྷ་མ་མཆོག་དང་ལྷན་མཇལ་འཕྲད་ཀྱིས་གྲོས་བསྡུར་བྱེད་རྒྱུ་བྱུང་། སྐབས་དེར་ངོས་ཀྱིས་སྲིད་འཛིན་ཟུར་པ་མཆོག་ལ་ཁྱེད་རང་ངོས་ལས་ལོ་ཆུང་བ་རེད། ངོས་རང་མེད་པའི་རྗེས་ཁྱེད་ཀྱིས་མུ་མཐུད་བསམ་ཚུལ་དེ་དག་མཇུག་སྐྱོང་གནང་བའི་རེ་བ་ཡོད། ཅེས་ཞུས་པ་ཡིན། ཁོང་གིས་མོས་མཐུན་གནང་བྱུང་། དེ་བཞིན་སི་ཝེ་ཌན་ནས་ཡིན་པའི་གཞོན་སྐྱེས་མཆེད་གྲོགས་བུ་མོ་ཁྱེད་རང་ལའང་འཛམ་གླིང་དང་འགྲོ་བ་མིའི་བདེ་སྡུག་གི་ཆེད་དུ་མུ་མཐུད་འགན་འཁུར་གནང་རོགས་ཞེས་རེ་སྐུལ་ཞུ་རྒྱུ། ཡིན་ཞེས་སོགས་ཀྱི་བཀའ་སློབ་སྩལ། །

  •  
  •  
  •  
  •  
  •