ཟླ་བ་ ༡ ཚེས ༧ ༢༠༢༡
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༧ རེས་གཟའ་ཕུར་བུ། 

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཀོ་རི་ཡའི་ནང་པ་ཚོས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༥ ནས་  ༧ བར་ཉིན་གྲངས་གསུམ་རིང་གི་ཤེས་རབ་སྙིང་པོའི་བཀའ་ཆོས་གནང་སྒོ་ཁག་ལེགས་པར་གྲུབ་ཡོད།

དེ་ཡང་ཕྱི་ཚེས་ ༧ རེས་གཟའ་ཕུར་བུ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་མགོན་པོ་གང་ཉིད་མཆོག་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་གསུང་ཆོས་གནང་ཡུལ་དུ་ཆིབས་སྒྱུར་གྱིས་བཀའ་སློབ་སྩལ་དོན། དེ་རིང་ཀོ་རི་ཡའི་ཆོས་གྲོགས་ཚོ་དང་ལྷན་སྐད་ཆ་བཤད་རྒྱུ་ཉིན་གསུམ་པ་དེ་རེད། ཉིན་དང་པོ་དང་གཉིས་པར་སྐད་ཆ་བྱུང་བ་དེ་དག་སོ་སོ་གཅིག་པུ་བསྡད་པའི་སྐབས་ངོས་ཀྱིས་བརྗོད་པ་རྣམས་ལ་ཉམས་ལེན་བྱ་རྒྱུ་བྱུང་སོང་ངམ། གང་ལྟར་བླ་མའི་དྲུང་ནས་འཆད་པ་བྱུང་ཚེ་དེ་ཚར་གཅིག་ཐོས་སོང་ཞེས་པ་ཙམ་མིན་པར་ངེས་པར་དུ་བསྐྱར་དུ་བསམ་བློ་བཏང་སྟེ་ཉིན་རེ་བཞིན་ཉམས་ལེན་བྱེད་རྒྱུ་གལ་ཆེན་པོ་རེད། ཉིན་ལྟར་བསམ་བློ་གཏོང་ཡོང་སྐབས་ཐོག་མར་ཐོས་བྱུང་གི་གོ་བ་སྐྱེས་པ་རྣམས་རིམ་བཞིན་བསམ་བློ་གཏོང་དུས་སེམས་ནང་ཕྲན་བུ་ངེས་པ་སྐྱེ་རྒྱུ་དང་། སེམས་ནང་ངེས་པ་སྐྱེ་དགོས་བྱུང་བ་ཡང་ནས་ཡང་དུ་སྒྲིལ་དུས་བསམ་བློའི་ནང་འགྱུར་བ་ཐེབས་ཡོང་གི་ཡོད། གང་ལྟར་ཐོས་པའི་དོན་ལ་ཡང་ནས་ཡང་དུ་བསམ་བློ་བཏང་ནས་དཔེ་ཆ་ཡང་ཀློག་པ་དང་། ངོས་ཀྱིས་བཤད་པ་དང་དཔེ་ཆ་ནང་ཡོད་པ།   དེ་བཞིན་ངོས་ཀྱིས་ད་ལྟ་བཤད་པ་འགའ་ཤས་དཔེ་ཆ་ནང་མ་གསལ་བ་དེ་འདྲ་ཡོང་སྲིད་པ་རེད། ངོས་ཀྱིས་སྤྱི་ཡོངས་ཐོག་སྙིང་པོ་མདོར་བསྡུས་ཤིག་ཤོད་ཀྱི་ཡོད། དཔེ་ཆ་ནང་དེའི་འགྲེལ་བཤད་ཞིབ་ཕྲ་ཡོད། ཁྱེད་རང་ཚོ་ཆོས་འབྲེལ་ཐོབ་སོང་ཞེས་ཐོབ་གྲངས་གསོག་རྒྱུའི་སྐད་ཆ་མ་རེད།

རིམ་བཞིན་སོ་སའི་སེམས་བརྒྱུད་ནང་འགྱུར་བ་ཐེབས་རྒྱུ་དོན་དག་རེད། ངོས་ལ་ཆ་བཞག་ན། ལམ་རིམ་དང་དེ་ཚོ་གྲས་ཆུང་ཆུང་སྐབས་ནས་ཐོས་ཡོད། བཤད་ལུང་ཞུས་ཡོད། མྱུང་ཁྲི་ཡང་ཞུས་ཡོད། སྐབས་དེ་དུས་བསམ་བློ་གང་ཡང་བཏང་མེད་དུས་དེ་ཙམ་སེམས་ནང་གང་ཡང་མི་འདུག དེ་ནས་རིམ་པས་བསམ་བློ་བཏང་སྟེ་གཞུང་གཞན་དག་ཕན་ཚུན་འདྲེས་ནས་བསམ་བློ་བཏང་ཡོང་སྐབས་ཏན་ཏན་སེམས་ནང་འགྱུར་བ་འཐེབ་རྒྱུ་གཅིག་དང་། སེམས་ནང་འགྱུར་བ་ཐེབས་པའི་ལག་ཆ་ལ་ཞོགས་པ་གཉིད་སད་པ་དང་ལམ་སང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་དྲན་པ། ངོས་ཀྱིས་དུས་རྟག་ཏུ། ཇི་སྲིད་ནམ་མཁའ་གནས་པ་དང་། ཞེས་པའི་ཐོག་བསམ་བློ་འཁོར་གྱི་ཡོད། ཚེ་འདི་ལ་སྐྱེས་པ་ཙམ་མ་ཡིན་པར་ཇི་སྲིད་ནམ་མཁའ་གནས་པའི་བར་ལ་སེམས་ཅན་གྱི་དོན་བྱེད་ཀྱི་ཡིན་ཞེས་སེམས་ཤུགས་སྐྱེ་རྒྱུ་དང་། དེ་བཞིན་ཆོས་ཐམས་ཅད་རང་བཞིན་གྱི་སྒྲུབ་པའི་སྟོང་བ། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་བཏགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་མགོན་པོ་ཀླུ་སྒྲུབ་ཀྱི་གསུངས་པ་དེ་ཚོའི་གྲས་དང་། གཞན་ཡང་ཟླ་བ་གྲགས་པའི་གསུངས་དེ་དག་ཧ་ལས་པའི་ཟབ་པོ་རེད་འདུག གང་ལྟར་རྗེ་རིན་པོ་ཆེ་མཆོག་གིས་མར་བསྡོམས་སྐྱོན་ཡོང་དུས་འཕགས་པའི་མཉམ་བཞག་དངོས་པོའི་འཇིག་རྒྱུར་ཐལ་བ་དང་།  ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ། དོན་དམ་པའི་སྐྱེ་བ་མི་ཁེགས་པར་ཐལ་བ། ཆོས་ཐམས་ཅད་རང་མཐོང་དུ་ཟུང་བར་མི་འཐད་པར་ཐལ་བ་བཅས་ཐལ་བ་བཞི་པོར་ངོས་ཀྱིས་ཉིན་ལྟར་བསམ་བློ་གཏོང་གི་ཡོད། ཞོགས་པ་ཡར་ལངས་ཏེ་བསྐོར་བ་ཏོག་ཙམ་སྐོར་བའི་སྐབས་དེ་རིགས་བསམ་བློ་གཏོང་གི་ཡོད།

མགོན་པོ་ཀླུ་སྒྲུབ་ཀྱིས། ཕུང་མིན་ཕུང་པོ་ལས་གཞན་མིན། །དེ་ལ་ཕུང་མེད་དེ་དེར་མེད། །དེ་བཞིན་གཤེགས་པ་ཕུང་ལྡན་མིན། །ཞེས་རང་ལ་ཚུར་སྦྱར་ནས། བདག་ཅེས་བྱ་བ་ཕུང་ལྡན་མིན། །བདག་ཅེས་བྱ་བ་གང་ཞིག་ཡིན། །ཞེས་བསམ་བློ་གཏོང་བཞིན་པ་འདིས་སྟོང་པའི་གོ་བ་ཏོག་ཙམ་ཡོད་པ་དེ་སེམས་ནང་ཚོར་བ་ཡོད་པ་ཞིག་ཡོང་གི་ཡོད། གང་ལྟར་གལ་ཆེན་པོ་ནི་ཡང་ནས་ཡང་དུ་འདྲིས་པར་བྱེད་རྒྱུ་དང་། ཡང་ཡང་བསམ་བློ་བཏང་ནས་རིམ་པས་སེམས་ལ་འགྱུར་བ་ཐེབས་པ་བྱེད་རྒྱུ་རེད། འདིའི་ཐོག་ནས་ད་ལྟ་ཤེས་རབ་སྙིང་པོའི་ནང་གསུངས་པ་བཞིན། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭ་ཧཱ། ཞེས་བློ་རིམ་པས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལ་མྱོང་བ་ཤུགས་ཆེ་རུ་དང་ཟབ་ཏུ་ཕྱིན་ནས་རིམ་པས་ཚོགས་ལམ་དང་སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་བཅས་ང་ཚོས་ཤོད་བཞིན་པ་འདི་དཔེ་ཆའི་ནང་ཡོད་པ་ཙམ་མིན་པར་སོ་སོ་རང་གིས་ཉམས་མྱོང་གི་ཐོག་ལ་དེ་དག་དངོས་སུ་ཡོང་རྒྱུ་གོམས་པའི་སྒོ་ནས་ཡོང་གི་ཡོད། དད་པ་གལ་ཆེན་པོ་རེད་དེ་སེམས་ནང་འགུལ་སྐྱོད་འཐེབ་རྒྱུ་ནི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཡང་ཡང་བསམ་བློ་བཏང་སྟེ་དད་པ་དང་ཤེས་རབ་ཟུང་སྦྲེལ་བྱས་ནས་འགྲོ་རྒྱུ་དང་གཙོ་བོ་གོམས་འདྲིས་རེད་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ། །

  •  
  •  
  •  
  •  
  •