ཟླ་བ་ ༡ ཚེས ༥ ༢༠༢༡
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༥ རེས་གཟའ་མིག་དམར།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཀོ་རི་ཡའི་ནང་པ་ཚོས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༢༡  ཟླ་ ༡ ཚེས་ ༥ ཉིན་མགོན་པོ་གང་ཉིད་མཆོག་གིས་དྲ་རྒྱའི་བརྒྱུད་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་གཙོ་བོ་གྱུར་བའི་ཕྱི་ནང་གི་དད་ལྡན་མི་མང་རྣམས་ལ་ཤེས་རབ་སྙིང་པོའི་བཀའ་ཆོས་དབུ་འཛུགས་མཛད་ཡོད། 

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་མགོན་པོ་གང་ཉིད་མཆོག་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་བཀའ་ཆོས་གནང་ཡུལ་དུ་ཆིབས་སྒྱུར་གྱིས་བཀའ་སློབ་སྩལ་དོན། ཀོ་རི་ཡའི་ཆོས་གྲོགས་ཚོ་ལ་དེ་རིང་ནས་ཉིན་གྲངས་གསུམ་རིང་ཤེས་རབ་སྙིང་པོའི་འགྲེལ་བཤད་རྒྱག་རྒྱུའི་གོ་སྐབས་བྱུང་བར་ངོས་རང་ཡང་བསྐལ་པ་བཟང་པོ་བྱུང་། ཤེས་རབ་སྙིང་པོ་ནི་ཤེར་ཕྱིན་གྱི་གཞུང་རྒྱས་པ་ཡུམ་འབུམ་པ་ཞེས་པ་དང་། དེ་ལས་ཀྱང་རྒྱས་པ་དེ་འདྲ་ཡོད་ས་རེད། གཞན་ཡང་ཉི་ཁྲི་བརྒྱད་སྟོང་དང་། ཉི་ཁྲི། བསྡུས་པ་དེ་བརྒྱད་སྟོང་པ། དེ་ནས་བསྡུ་ཤོས་དེ་ཤེར་ཕྱིན་གྱི་ཡི་གེ་གཅིག་མ་ཨ་ཞེས་ཡོད། ཨ་ཞེས་པ་ནི་དགག་ཚིག་རེད། དགག་ཚིག་དེས་ང་རང་ཚོར་སྣང་བ་ནང་བཞིན་ཡོད་པ་མ་རེད་ཟེར་བ་དེ་རེད། ཤེས་རབ་སྙིང་པོ་ནི་ཤེར་ཕྱིན་ཡི་གེ་ཉེར་ལྔ་པ་ཞེས་པ་དེ་རེད། ཉུང་ཉུང་ཡིན་པ་གང་ཞིག་ལ་དོན་དག་འདུས་ཆེན་པོ་ཞིག་རེད། 

དེ་རིང་ཀོ་རི་ཡའི་ཆོས་གྲོགས་ཚོ་ལ་ཤེས་རབ་སྙིང་པོའི་འགྲེལ་བཤད་རོབ་ཙམ་ཞིག་ཞུ་རྒྱུ་ཡིན། སྔོན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་ཤེས་རབ་ནི་སངས་རྒྱས་པའི་ཆོས་ནང་དད་པ་གཅིག་པོ་མིན་པར་གཙོ་བོ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་བསམ་བློ་བཏང་ནས་གང་ལྟར་དད་པ་དང་ཤེས་རབ་གཉིས་གལ་ཆེན་པོ་རེད། གཙོ་བོ་ཤེས་རབ་རེད། དད་པ་འདི་བཞིན་ཤེས་རབ་ཀྱི་དྲངས་པའི་དད་པ་ཞིག་དགོས་ཀྱི་ཡོད། སྤྱིར་དད་པ་ལ་དབང་རྟུལ་དད་པ་རྗེས་འབྲང་དང་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཞེས་བཤད་རྒྱུན་ཡོད། 

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པའི་ཤེས་རབ་ནི་དབང་རྣོན་ཆོས་ཀྱི་རྗེས་འབྲང་གིས་རྒྱུ་མཚན་ལ་བརྟེན་ནས་དངོས་ཡོད་གནས་ཚུལ་གང་ཡོད་པ་རྣམས་ཤེས་རབ་ཀྱི་དཔྱད་ནས་ཤེས་པ་བྱེད་རྒྱུ་རེད། ཤེས་རབ་ཞེས་པ་ནི་ཤེས་པ་ཙམ་མ་ཡིན་པར་རབ་ཞེས་པ་ནི་གང་ལྟར་དཔྱད་པ་བྱེད་ནས་འགྲོ་རྒྱུ་ཞིག་ཡོང་གི་ཡོད། དེར་བརྟེན་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་འདི་ལྟར་གསུང་པ་རེད། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་པའི་གསུངས་འདི་ནུས་པ་ཆེན་པོ་འདུག  བཅོམ་ལྡན་འདས་ཀྱི་བཀའི་དོན་ནི་ཁྱོད་རང་ཚོས་ཡིད་ཆེས་བྱས་ནས་དད་པ་བྱེད་དགོས་པ་མ་རེད། བཅོམ་ལྡན་འདས་ཀྱིས་གསུངས་བའི་བཀའ་ལ་ཞིབ་འཇུག་དང་བརྟག་དཔྱད། རྒྱུ་མཚན་ཡོད་མེད་བསམ་བློ་བཏང་སྟེ་རྒྱུ་མཚན་ལྡན་པ་ཞིག་ཡིན་ན་ཡིད་ཆེས་བྱོས་ཞེས་བཀའ་གནང་ཡོད།

བཅོམ་ལྡན་འདས་ཀྱི་བསྟན་པ་རྒྱ་གར་ནང་སངས་རྒྱས་ཀྱི་བསྟན་པ་རྐང་འཛིན་མཁན་དེ་དཔལ་ནཱ་ལེནྡྲ་ཆགས་ཡོད། ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་གིས་བཅོམ་ལྔན་འདས་ཀྱི་ཆོས་ཚུལ་ཤེས་རབ་ཀྱི་དཔྱད་ནས་དད་པ་བསྐྱེད་པ་དང་། རྒྱ་ཆེ་བ་དང་ཟབ་མོའི་ལམ་གྱི་རིམ་པ་མང་པོ་ཞིག་ཉམས་ལེན་བྱེད་རྒྱུ་གཙོ་བོ་ཤེས་རབ་གྱི་ཐོག་ནས་ཡོང་དགོས་པ་གསུང་གི་ཡོད། དེར་བརྟེན་ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུངས་ཟབ་པ་དང་རྒྱ་ཆེ་བའི་ཚུལ་གཉིས་ཕྱེ་ནས་རྒྱ་ཆེ་བའི་ཤེར་ཕྱིན་གྱི་གཞུང་གི་དངོས་བསྟན་སྟོང་ཉིད་དང་སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཞེས་གསུང་གི་ཡོད། 

ཤེར་ཕྱིན་གྱི་གཞུང་འདི་དོན་དག་ཧ་ཅང་རྒྱ་ཆེན་པོ་རེད་འདུག ཟབ་མོའི་ལམ་གྱི་རིམ་པའི་སྐོར་དེ་སྟོང་ཉིད་སྐོར་གསུངས་པ་དང་། རྒྱ་ཆེ་བའི་ལམ་རིམ་སྐོར་ཤེས་རབ་སྙིང་པོའི་ནང་རྒྱས་པ་གང་ཡང་མེད་ནའང་ཤེས་རབ་སྙིང་པོའི་ནང་། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭ་ཧཱ། ཞེས་པ་དེས་ལམ་ལྔ་གསུམ་བཅོ་ལྔ་དང་ཁ་ཐུག་དེར་འབྱོར་ལམ་དང་མཐོང་ལམ། སྒོམ་ལམ། མི་སློབ་ལམ་བཅས་གསུང་གི་ཡོད། ཐེག་པ་གསུམ་གྱི་དབང་དུ་བྱས་ཚེ་ཉན་རང་གི་ལམ་འགྲོ་སྟངས་དང་བྱང་ཆུབ་སེམས་པའི་ལམ་འགྲོ་སྟངས་སོགས་གསུང་གི་ཡོད། གང་ལྟར་ཤེར་ཕྱིན་གྱི་གཞུང་ཡག་པོ་བྱས་ནས་ཤེས་པར་ཕལ་ཆེར་མངོན་རྟོགས་རྒྱན་ཧ་ཅང་གལ་ཆེན་པོ་རེད་འདུག སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་བ་སྟོན་པ་འདི་མངོན་རྟོགས་རྒྱན་དང་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གསལ་བ་སྟོན་མཁན་ནི་ཀླུ་སྒྲུབ་ཡབ་སྲས་ཀྱི་གསུངས་དེ་དག་རེད།

ཤེར་ཕྱིན་གྱི་གཞུང་ལ་ཐོས་བསམ་སྒོམ་གསུམ་ཡག་པོ་བྱས་ནས་སྔོན་ལ་ཚིག་རྣམས་ལ་བསམ་བློ་ཞིག་བཏང་ནས་སྔོན་ལ་ཐོས་བྱུང་གི་གོ་བ་དང་དེ་ནས་བསམ་བྱུང་གི་གོ་བ་སྐྱེ། དེ་ནས་རིམ་བཞིན་ཉམས་མྱོང་སླེབས་ཡོང་བའི་བསམ་བློ་བཏང་ཡོང་དུས་གང་ལྟར་མངོན་རྟོགས་རྒྱན་དང་རྩ་བ་ཤེས་རབ། དབུ་མ་འཇུག་པ། ང་ཚོའི་གྲྭ་སར་མངོན་རྟོགས་རྒྱན་དང་དབུ་མ་འཇུག་པ་རྣམས་གཙོ་བོ་བྱས་ནས་ལྟ་ཡི་ཡོད། དེ་དག་ཧ་ཅང་གལ་ཆེན་པོ་རེད་འདུག རྒྱ་ཆེ་བའི་ལམ་གྱི་རིམ་པ་ཧ་ཅང་གལ་ཆེན་པོ་རེད། མངོན་རྟོགས་རྒྱན་ནང་འདིའི་སྐོར་ཧ་ཅང་ཡག་པོ་གསུངས་འདུག དངོས་བསྟན་སྟོང་ཉིད་གྱི་རིམ་པ་ཞེས་པ་ནི་ཤེར་ཕྱིན་གྱི་གཞུང་དེ་དག་ཚང་མས་ཟབ་མོ་སྟོང་པ་ཉིད་ཀྱི་སྐོར་གསུང་མཁན་ཞིག་ཆགས་ཀྱི་ཡོད། ཤེས་རབ་སྙིང་པོ་ལས། གཟུགས་སྟོང་པའོ། སྟོང་པ་ཉིད་གཟུགས་སོ། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། ཞེས་པའི་ཚིག་འདི་དག་ནི་སྟོང་ཉིད་བཞི་སྐོར་ཟེར་བ་དེ་རེད། ཧ་ཅང་གནད་ཆེན་པོ་རེད། སྟོང་པ་ཉིད་ཟེར་དུས་ནམ་མཁའ་སྟོང་པ་ལྟ་བུའམ་གང་ཡང་མེད་པ་ཞིག་མ་རེད། ང་ཚོར་རྒྱུན་དུ་འབྲེལ་བ་ཡོད་པའི་སྟོང་གཞི་ཆོས་ཅན་གཟུགས་རོ་སོགས་ཀྱི་རང་བཞིན་ཇི་ལྟ་བུ་ཡིན་པར་བསམ་བློ་གཏོང་སྐབས་གཟུགས་སྟོང་པའོ་ཞེས་གཟུགས་རོ་སོགས་ལ་བརྟག་དཔྱད་སྐབས་བློ་ལ་སྣང་བ་ལྟར་གྱི་ཚུགས་ཐུབ་པ་ཞིག་གཏན་ནས་མེད་པ་ཞིག་དང་། སྟོང་པ་ཉིད་གཟུགས་སོ་ཞེས་པ་ནི་སྟོང་པ་ཞེས་པ་ནི་གང་ཡང་མེད་པའི་སྐད་ཆ་བཤད་ཀྱི་ཡོད་པ་མ་རེད། རྟེན་ནས་འབྱུང་བའི་སྟོང་པ་བཤད་ཀྱི་ཡོད་སྟབས་ལྟོས་ནས་ཡོད་པ། དཔེར་ན། གཟུགས་ལྟ་བུར་ཆ་བཞག་ན་གཟུགས་ཆེན་པོ་དང་ཆུང་ཆུང་། དབྱིབས་དང་ཁ་དོག་མི་འདྲ་བ་སོགས་ནི་སྟོང་གཞི་ཆོས་ཅན་གྱི་ཁྱད་པར་ལ་བལྟས་ནས་ཆོས་ཅན་དེའི་རྣམ་གཞག་བཤད་བཞིན་ཡོད། དེར་བརྟེན་སྟོང་པ་ཉིད་ལ་གཞི་གཅིག་ཡོད་པ་བྱས་ཏེ་ངོ་བོ་ཉིད་ཀྱིས་སྟོང་པ་རེད་ཅེས་བརྗོད་སྐབས་གཟུགས་སྟོང་པའོ། སྟོང་པ་ཉིད་གཟུགས་སོ་ཞེས་པ་རེད།

ངོས་ཀྱིས་ནམ་རྒྱུན་བརྗོད་བཞིན་པ་ལྟར་ཚད་རྡུལ་དངོས་ཁམས་རིག་པ་ནི་ཧ་ཅང་ཕན་ཐོགས་ཆེན་པོ་འདུག ཚད་རྡུལ་དངོས་ཁམས་རིག་པའི་ཐོག་ནས་ཇི་ལྟར་བཤད་ཀྱི་ཡོད་དམ་ཞེ་ན། ང་ཚོའི་སྒོ་ལྔའི་ཤེས་པ་ལ་གཟུགས་སོགས་ཀྱི་ཆོས་སྣང་བཞིན་པའི་སྐབས་སུ་དོན་གྱི་ངོས་ནས་ཡོད་པ་ཞིག་ཏུ་སྣང་བཞིན་ཡོད་པ་རེད། འོན་ཀྱང་སྣང་བ་ལྟར་ཏུ་གྲུབ་པ་གཏན་ནས་མེད། བཙལ་བར་ཕྱིན་ན་དཔེར་ན་གཟུགས་རོ་སོགས་དོན་གྱི་ངོས་ནས་ཡོད་པ་ཞིག་སྣང་བཞིན་ཡོད་ཀྱང་། ཕར་དཔྱད་པ་ཡིན་ན་ཁྱོན་ནས་རྙེད་རྒྱུ་མེད། ཅེས་ཚད་རྡུལ་དངོས་ཁམས་རིག་པ་ཕལ་ཆེར་མིང་བརྡའི་བཞག་ཙམ་ཞེས་པ་དེའི་ཐོག་སླེབས་ཡོང་གི་འདུག སངས་རྒྱས་པའི་གྲུབ་མཐའི་ནང་གི་དབུ་སེམས་ཀྱི་གྲུབ་མཐའ་གཉིས་ཀྱིས་ཚད་རྡུལ་དངོས་ཁམས་རིག་པས་བཤད་པ་ལྟར་སྣང་བ་ལྟར་མ་གྲུབ་པར་གསུང་གི་ཡོད། སྣང་བ་ལྟར་དོན་གྱི་ངོས་ནས་མ་གྲུབ་ཅེས་པ་དབུ་མ་བའི་བཤད་སྟངས་དང་། སྣང་བ་ལྟར་ཕྱི་རོལ་དོན་དུ་མ་གྲུབ་ཅེས་པ་སེམས་ཙམ་པའི་ལྟ་བ་རེད། དེར་བརྟེན་དངོས་ཁམས་རིག་པའི་བཤད་སྟངས་དེ་ཧ་ཅང་གསལ་བོ་རེད། ང་ཚོར་ཕན་ཐོགས་འདུག

སྟོང་ཉིད་ཀྱི་ལྟ་བ་བཤད་པ་ལ་ཚད་རྡུལ་དངོས་ཁམས་རིག་པ་སྦྱངས་ནས་བཤད་ན་ཧ་ཅང་འཇུག་སླ་བ་ཡོད། ཉིན་རེ་བཞིན་བཟའ་བཏུང་ལོངས་སྤྱོད། གཉེན་ཉེ་བ་སོགས་སྣང་བ་ལྟར་གྲུབ་མེད་པར་བཤད་པ་ལ་དགོས་པ་རྒྱུ་མཚན་དང་ཕན་ཐོགས་ཅི་ཡོད་བསམ་བློ་གཏོང་དགོས། དུད་འགྲོ་བྱ་རི་དྭགས། སྦྲང་མ་ཚུན་ཆད་དོན་གྱི་ངོས་ནས་ཡོད་པ་ཞིག་སྣང་། སྣང་བ་ལྟར་ཞེན་ནས་ཚེ་བསྐྱལ་འགྲོ་གི་ཡོད། ང་ཚོས་སྟོང་ཉིད་ཀྱི་ལྟ་བ་སྣང་བ་ལྟར་མ་གྲུབ་པ་ཚད་རྡུལ་དངོས་ཁམས་རིག་པ་དང་འབྲེལ་ནས་བཤད་པ་དེས། ཆགས་སྡང་གི་བློས་སྣང་ཙམ་གྱི་མིན་པར་དོན་གྱི་ངོས་ནས་ཡོད་པ་ཞིག་སྣང་། སྣང་བ་ལྟར་འཛིན་པ་དམ་པོ་ཞིག་སྐྱེས་ནས་དེ་ལ་ཚུལ་མིན་ཡེ་ཤེས་ཀྱིས་སྒྲོ་བཏགས་ནས་བཟང་པོ་དང་ངན་པ་ཚུགས་ཐུབ་པ་ཞིག་ཡོད་པར་བློ་ལ་བཞག་གི་ཡོད། དེ་ནི་མགོན་པོ་ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་བཏགས་པ་སྟེ། ། དེ་ཉིད་དབུ་མའི་ལམ་ཡིན་ནོ། །གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེའི་ཕྱིར་སྟོང་པ་མ་ཡིན་པའི་། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་དུ་བཤད་པ་ནི། ངོ་བོ་ཉིད་ཀྱིས་གྲུབ་མེད་པ་དང་སྣང་བ་ལྟར་གྲུབ་མེད་པར་རྟེན་ནས་འབྱུང་བའམ་རྟེན་ནས་བཏགས་པ་ཙམ་ཞིག་རེད་ཅེས་ཤོད་བཞིན་ཡོད། དེ་བཟང་པོ་དང་དེ་ངན་པ་རེད་ཅེས་པའི་ཨ་འཐས་ཀྱི་འཛིན་པ་དེས་ཆགས་སྡང་གི་བློ་དང་ཚུལ་མིན་ཡེ་ཤེས་ཀྱི་རྣམ་རྟོག་སྣ་ཚོགས་སྐྱེ་བཞིན་ཡོད།

ཆོས་ཕྱོགས་ནས་བཤད་ན། ཚུལ་མིན་ཡེ་ཤེས་ཀྱི་རྣམ་རྟོག་ལས་ཆགས་སྡང་སྐྱེས། དེ་ལས་ལས་བཟང་ངན་བསགས་པར་ཤོད་བཞིན་ཡོད། ཆོས་ཕྱོགས་ཀྱི་སྐད་ཆ་མ་བཤད་ནའང་ཚུལ་མིན་ཡེ་ཤེས་ཀྱི་རྣམ་རྟོག་རྐྱེན་པས་སེམས་ལ་ཆག་སྒོ་སྣ་ཚོགས་ཤར། དེ་ལ་བརྟེན་ནས་འཇིགས་སྣང་དང་། ང་རྒྱལ། ཕྲག་དོག་སྐྱེས་པ་སོགས་སེམས་འཁྲུག་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཏེ་ཤེས་རབ་སྙིང་པོའི་བཀའ་ཆོས་དབུ་འཛུགས་མཛད། །

  •  
  •  
  •  
  •  
  •