གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༢ རེས་གཟའ་མིག་དམར།

 

༄༅། །རྒྱ་གར་གྱི་མངའ་སྡེའི་གཞུང་སོ་སོའི་གོ་སྒྲིག་འོག་ས་གནས་རྫོང་འཕྲོད་བསྟེན་ལྷན་ཁང་གི་འགན་འཛིན་བརྒྱུད་རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་གཉན་རིམས་སྔོན་འགོག་སྨན་ཁབ་རྒྱག་འགོ་འཛུགས་འཆར་ཡོད་སྟབས། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྨན་ཁང་ཁག་གསུམ་ལ་ས་གནས་རྫོང་སོ་སོའི་འཕྲོད་བསྟེན་ལྷན་ཁང་ནས་ཏོག་དབྱིབས་གཉན་རིམས་སྔོན་འགོག་སྨན་ཁབ་ལས་གཞིའི་སྦྱོང་བརྡར་གནང་ཡོད། 

དེ་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༢ ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀ་མངའ་སྡེའི་མེ་སོར་རྫོང་ནང་སྨན་པ་སུ་གྷིར་ན་ཡག་ (Dr. Sughir Nayak, DHO & RCH Officer & SMO WHO) ལགས་ཀྱི་གོ་སྒྲིག་འོག་ཧོན་སུར་ཕན་བདེ་སྨན་ཁང་གི་སྨན་ཞབས་པ་རྣམས་ལ་དྲ་རྒྱ་བརྒྱུད་ཏོག་དབྱིབས་གཉན་རིམས་སྔོན་འགོག་སྨན་ཁབ་ཀྱི་སྦྱོང་བརྡར་གནང་ཡོད།

དེ་བཞིན་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༥ ཉིན་སྨན་པ་ར་ཝི་ (Dr. Ravi, M.O) ལགས་ཀྱིས་སྦེལ་ཀོབ་འཚོ་བྱེད་ཁང་གསར་སྨན་ཁང་དང་།  སྨན་པ་ཇོང་སོམ་ (Dr Jongsom M.O) ལགས་ཀྱིས་མེའོ་སྨན་ལྷ་སྨན་ཁང་གི་སྨན་ཞབས་པ་རྣམས་ལ་ཏོག་དབྱིབས་སྔོན་འགོག་སྨན་ཁབ་ཀྱི་སྦྱོང་བརྡར་གནང་ཡོད། ཏོག་དབྱིབས་སྔོན་འགོག་སྨན་ཁབ་ལས་གཞིའི་སྦྱོང་བརྡར་དེ་བཞིན་སྟབས་བདེའི་བརྙན་སྟོན་ (PPT) དང་། བརྙན་པར། གྲོས་བསྡུར་སོགས་ཀྱི་བརྒྱུད་སྨན་ཞབས་པ་རྣམས་ལ་སྦྱོང་བརྡར་གནང་ཡོད།

སྦྱོང་བརྡར་ནང་མཉམ་ཞུགས་གནང་མཁན་རྣམ་པས་ཤེས་དགོས་པའི་དོན་ཚན་ཁག་ནི། སྔོན་འགོག་སྨན་ཁབ་ཚོགས་ཆུང་གི་འགན་འཁྲི་དང་། སྔོན་འགོག་སྨན་ཁབ་སྲུང་སྐྱོབ།  སྔོན་འགོག་སྨན་ཁབ་བཀོད་བྱུས་དང་སྟངས་འཛིན། (CO-WIN) ཞེས་པའི་བཀོལ་སྤྱོད་མཉེན་ཆས་བེད་སྤྱོད་བྱེད་ཕྱོགས་སོགས་ཀྱི་སྐོར་ཤེས་རྟོགས་ཆེད་ཡིན། ད་ལན་སྔོན་འགོག་སྨན་ཁབ་ལས་གཞིའི་སྦྱོང་བརྡར་ནང་ཧོན་སུར་ཕན་བདེ་སྨན་ཁང་ནས་སྨན་ཞབས་པ་གྲངས་ ༡༢ དང་། མེའོ་སྨན་ལྷ་སྨན་ཁང་ནས་སྨན་ཞབས་པ་གྲངས་ ༣། སྦེལ་ཀོབ་འཚོ་བྱེད་ཁང་གསར་སྨན་ཁང་ནས་སྨན་ཞབས་པ་གྲངས་ ༢ བཅས་ཁྱོན་སྨན་ཞབས་པ་གྲངས་ ༡༧ ལ་སྦྱོང་བརྡར་གནང་ཡོད་པ་བཅས། །

 

  •  
  •  
  •  
  •  
  •