གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༨ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢ ཉིན་བཞུགས་སྒར་རྡ་ས་ནས་འཕགས་བོད་ས་མཚམས་སྣ་ཐོད་ལ་བར་ཞི་བའི་གོམ་བགྲོད་གནང་མཁན་བསྟན་འཛིན་དོན་གྲུབ་ལགས་དང་། རྒྱ་གར་གྱི་གྲོང་ཁྱེར་ཅན་དི་སྒར་ནས་ཞི་བའི་གོམ་བགྲོད་དུ་མཉམ་ཞུགས་གནང་མཁན་ཁོང་གི་ཕྱག་རོགས་བསྟན་འཛིན་ཉི་མ་ལགས་རྣམ་གཉིས་ཀྱིས་ཞི་བའི་གོམ་བགྲོད་གནང་སྟེ་ཕྱི་ལོ་༢༠༢༡ ཟླ་ ༡ ཚེས་ ༦ ཉིན་གྱི་ཕྱི་དྲོར་རྒྱ་གར་བྷི་ཧཱར་མངའ་སྡེའི་ནང་ཡོད་པའི་གནས་མཆོག་རྡོ་རྗེ་གདན་དུ་འབྱོར་ཡོད། 

དེ་ཡང་བསྟན་འཛིན་དོན་གྲུབ་ལགས་ཀྱིས་བཞུགས་སྒར་རྡ་ས་ནས་འགོ་འཛུགས་གནང་སྟེ་ཉིན་གྲངས་ ༦༨ དང་སྤྱི་ལེ་ ༡༨༥༠ ཙམ་གོམ་བགྲོད་གནང་སྟེ་གནས་མཆོག་རྡོ་རྗེ་གདན་དུ་འབྱོར་ཡོད་པ་དང་། སྐབས་དེར་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་། བྷོ་དྷི་གྷ་ཡ་མཆོད་རྟེན་འཛིན་སྐྱོང་ལྷན་ཚོགས།   རྒྱལ་སྤྱིའི་ནང་པའི་ཆོས་ཚོགས།  རྒྱ་གར་རྒྱལ་ཡོངས་དགེ་འདུན་གྱི་སྡེ་བཅས་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་གནང་ཡོད་པ་དང་། དེ་རྗེས་ཁོང་རྣམ་གཉིས་བྱང་ཆུབ་མཆོད་རྟེན་ཆེན་མོའི་ནང་བཅར་ཏེ་གཞིས་ལུས་བོད་མིའི་སླད་སྨོན་ལམ་བསྐྱོན་ཡོད།

ཕྱི་ཚེས་ ༧ ཉིན་བྷི་ཧར་དང་། ཇར་ཁན་ཌི། ཆ་ཌི་སི་གར་བཅས་ཀྱི་ས་གནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུ་དྷེ་ཤ་ཀུ་མར་ཅནྡྲ་ཝན་ཤི་ (Sudesh Kumar Chandravanshi) ལགས་ཀྱིས་ཁོང་རྣམ་གཉིས་ལ་སྣེ་ལེན་གནང་།  ཉིན་རྒྱབ་སྐུ་ཞབས་སུ་དྷེ་ཤ་ཀུ་མར་ཅནྡྲ་ཝན་ཤི་ལགས་ཀྱིས་མཐུན་འགྱུར་འོག་གསར་འགོད་ལྷན་ཚོགས་ཞིག་ཚོགས་ཡོད་པ་དང་། སྐབས་དེར་བསྟན་འཛིན་དོན་གྲུབ་ལགས་དང་བསྟན་འཛིན་ཉི་མ་ལགས་ཀྱིས་འཕགས་བོད་ས་མཚམས་སྣ་ཐོད་ལ་བར་བོད་དོན་ཆེད་གོམ་བགྲོད་གནང་དགོས་པའི་དོན་ཚན་གཙོ་བོ་གསུམ་གྱི་སྐོར་གསུངས་ཡོད།

དང་པོ། བོད་ནང་གི་ཁོར་ཡུག་གི་ཛ་དྲག་གནས་སྟངས་ལ་ངོས་འཛིན་དང་། གཉིས་པ། བོད་ནི་རྒྱ་ནག་གིས་བཙན་བཟུང་བྱས་པའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་གནང་རྒྱུ། གསུམ་པ། རྒྱ་ནག་གིས་འཕགས་བོད་ས་མཚམས་སུ་དོན་མེད་རྙོག་གྲ་བཟོས་ཡོད་སྟབས། རྒྱ་ནག་གི་ཅ་དངོས་ཉོ་ཚོང་གནང་རྒྱུ་མེད་པ་བཅས་ཀྱི་ཐོག་གསར་འགོད་གསལ་བསྒྲགས་སྤེལ་ཡོད།

དེ་བཞིན་རྡ་རམ་ས་ལ་ནས་གནས་མཆོག་རྡོ་རྗེ་གདན་བར་ཞི་བའི་གོམ་བགྲོད་གནང་སྐབས་བོད་མི་ཙམ་མ་ཟད། རྒྱ་གར་མི་མང་རྣམས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་གནང་བ་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད། གསར་འགོད་ལྷན་ཚོགས་ཐོག་སྐུ་ཞབས་སུ་དྷེ་ཤ་ཀུ་མར་ཅནྡྲ་ཝན་ཤི་ལགས་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇིཏ་ཀུ་མཱར་ནེཧ་རི་ཡ་ (Ajit Kumar Nehria) ལགས་སོགས་མཉམ་ཞུགས་གནང་ཡོད་པ་བཅས། །

 

  •  
  •  
  •  
  •  
  •