གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༨ རེས་གཟའ་ཟླ་བ།

༄༅། །ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ (Tibetan Policy and Support Act of 2020 ) དེ་བཞིན་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༡ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་སྤྱི་མོས་ཐོག་གཏན་འབེབས་གནང་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༧ ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊིམ་ (Donald Trump) མཆོག་གིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་མཚན་རྟགས་བཀོད་དེ་ཨ་རིའི་གཞུང་གི་ངོས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཞལ་བཞེས་གནང་ཡོད།

དེ་ཡང་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་བཞིན་ད་ཆ་ཨ་རིའི་གཞུང་གི་ཁྲིམས་སུ་གཏན་འབེབས་གནང་ཟིན་པ་མ་ཟད། གཞིས་བྱེས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་མཚོན་ན་ཁྲིམས་འཆར་དེ་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཆགས་ཡོད། ཁྲིམས་འཆར་དེ་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་དོན། ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊིམ་མཆོག་གིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་མཚན་རྟགས་བཀོད་པ་དེས་བོད་ནང་གི་བོད་མི་ཚོར་རེ་བ་གསར་པ་ཞིག་དང་དྲང་བདེན་བསྐྲུན་ཡོད་པ་མ་ཟད། ཨ་རིའི་གཞུང་གི་ངོས་ནས་བོད་མིའི་ཆོས་དད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་། ཁོར་ཡུག་གི་ཐོབ་ཐང་། བོད་མིའི་མང་གཙོའི་སྒྲིག་འཛུགས་ལ་སྔར་ལྷག་རྒྱབ་སྐྱོར་དང་སྲུང་སྐྱོབ་གནང་བ་མཚོན་གྱི་ཡོད།
བོད་མིའི་སྒྲིག་འཛུགས་དང་བོད་མི་ས་ཡ་དྲུག་གི་ཚབ་ཞུས་ཏེ་ངས་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊིམ་མཆོག་གིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་མཚན་རྟགས་བཀོད་གནང་བ་དང་། ཨ་རིའི་གྲོས་ཚོགས་ནས་ཁྲིམས་འཆར་དེ་སྤྱི་མོས་ཐོག་གཏན་འབེབས་གནང་བ། ལྷག་པར་ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་ཚོགས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་ (Marco Rubio) མཆོག་དང་། ཨ་རིའི་གྲོས་ཚོགས་གོང་མའི་གྲོས་ཚོགས་འཐུས་མི་སྐུ་ཞབས་བྷེན་ཁར་ཌིན་ (Ben Cardin) མཆོག   ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག  ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཁི་རི་སི་སི་མི་ཐི་ (Chris Smith) མཆོག་སོགས་ཀྱིས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནང་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ངོ་སྤྲོད་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཕྱི་ལོ་ ༢༠༠༢ ལོའི་བོད་དོན་སྲིད་བྱུས་ཀྱི་ཁྲིམས་འཆར་ (Tibetan Policy Act of 2002) གཞིར་བཞག་ཐོག་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་ད་ཆ་ཨ་རིའི་གཞུང་གི་གཞུང་འབྲེལ་སྲིད་བྱུས་ཤིག་ཆགས་ཟིན་པ་དང་། ཁྲིམས་འཆར་དེའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་དང་བོད་མིའི་བླ་སྤྲུལ་ངོས་འཛིན་གྱི་འགན་དབང་མགོན་པོ་གང་ཉིད་མཆོག་དང་བོད་མི་ཚོར་ཡོད་པ་ལས་རྒྱ་ནག་གཞུང་གིས་ཐེ་བྱུས་བྱ་མི་ཆོག་པ་བཀོད་ཡོད། གལ་ཏེ་རྒྱ་ནག་གཞུང་གི་ལས་བྱེད་མི་སྣས་བོད་མིའི་བླ་སྤྲུལ་ངོས་འཛིན་ཐད་ཐེ་བྱུས་བྱས་ཚེ་ཨ་རིའི་གཞུང་གིས་འབྲེལ་ཡོད་ལས་བྱེད་དེ་དག་ལ་དམ་བསྒྲགས་བཀའ་ཆད་ལྕི་མོ་གཅོད་རྒྱུ་ཡིན་པ་རེད།
ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་འོག་བཙན་བྱོལ་བོད་མི་རྣམས་ནས་མང་གཙོའི་སྒྲིག་འཛུགས་ཁག་ཚགས་ཚུད་ངང་བཙུགས་ཏེ་སོ་སོའི་འགོ་ཁྲིད་འོས་བསྡུའི་ལམ་ནས་འདེམ་བཞིན་པར་རྗེས་སུ་ཡི་རང་གནང་ཡོད།  ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འཛམ་གླིང་གང་སར་གནས་པའི་བོད་མིའི་མངོན་འདོད་སྒྲུབ་བཞིན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་སྲིད་སྐྱོང་མཆོག་ཡིན་པ་ངོས་འཛིན་གནང་ཡོད་པ་མ་ཟད། གཞིས་བྱེས་བོད་མི་རྣམས་ལ་རོགས་དངུལ་སྔར་ལས་ལྷག་གནང་རྒྱུའི་ཞལ་བཞེས་གནང་ཡོད། 

ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེས་བོད་མཐོ་སྒང་གི་ཁོར་ཡུག་དང་ཆུའི་འབྱུང་ཁུངས་ལ་སྲུང་སྐྱོབ་གནང་རྒྱུ་དང་། རྒྱ་ནག་གཞུང་གིས་བཙན་དབང་གིས་བོད་ཀྱི་འབྲོག་པ་རྣམས་གནས་སྤོ་བཅུག་པར་ངོ་རྒོལ་གནང་ཡོད། དེ་བཞིན་ཁྲིམས་འཆར་དེས་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་མཉམ་འབྲེལ་ཐོག་བོད་མཐོ་སྒང་གི་ཁོར་ཡུག་ལ་ལྟ་རྟོག་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་མ་ཟད། ཨ་རིའི་མི་སེར་དང་བཟོ་ཚོང་ཁང་སོགས་ཀྱིས་བོད་ནང་ཚོང་ལས་གཉེར་དགོས་ཚེ་རྒྱལ་ཚོགས་ཀྱིས་ཚོང་དང་འགྲོ་བ་མིའི་ཐོབ་ཐང་སྐོར་ལམ་སྟོན་གནང་བ་ཁག་ལ་སྲུང་བརྩི་ཞུ་དགོས་པའི་འབོད་སྐུལ་ཡང་གནང་ཡོད། 

ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེས་བོད་རང་སྐྱོང་ལྗོངས་དང་བོད་རིགས་གནས་སའི་ས་ཁུལ་གཞན་གྱི་བོད་མི་ཚོའི་ཆེད་དུ་ཨ་སྒོར་ས་ཡ་བརྒྱད་དང་། རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ཚོའི་ཆེད་དུ་ཨ་སྒོར་ས་ཡ་དྲུག  བོད་མིའི་ཚོགས་པ་སྒྲིག་འཛུགས་ཁག་དང་། མང་གཙོ། འཛིན་སྐྱོང་བཅས་ཚགས་ཚུད་ཆེད་དུ་ཨ་སྒོར་ས་ཡ་གསུམ། བོད་དང་བོད་མིའི་གནས་ཚུལ་མཁོ་གཏོང་བྱེད་བཞིན་པའི་ཨ་རིའི་རླུང་འཕྲིན་ཁང་ལ་ཨ་སྒོར་ས་ཡ་གསུམ་དང་ཁྲི་བཞི། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་ཨ་སྒོར་ས་ཡ་བཞི། དེ་བཞིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་ཁུངས་ཀྱི་ཆེད་དུ་ཨ་སྒོར་ས་ཡ་གཅིག་བཅས་རོགས་དངུལ་བཀའ་འཁྲོལ་གནང་ཡོད།

ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེས་བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཁང་གི་ཡན་ལག་འཛུགས་དགོས་པའི་འབོད་སྐུལ་དང་། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཁང་གི་ཡན་ལག་འཛུགས་མ་ཐུབ་བར་ཨ་རིའི་ཕྱི་སྲིད་ལྷན་ཁང་ནས་རྒྱ་ནག་གཞུང་ལ་རྒྱ་ནག་གཞུང་ཚབ་ཁང་གི་ཡན་ལག་གསར་པ་ཨ་རིའི་ནང་འཛུགས་པར་བཀའ་འཁྲོལ་གནང་མི་ཆོག་པ་བཀོད་ཡོད། །

  •  
  •  
  •  
  •  
  •