གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༠ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༠ རེས་གཟའ་ཕུར་བུའི་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ་དང་ལམ་རིམ་བསྡུས་དོན་གྱི་བཀའ་ཆོས་སྩལ་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ཙམ་ལ་མགོན་པོ་གང་ཉིད་མཆོག་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་བཀའ་ཆོས་གནང་ཡུལ་དུ་ཆིབས་སྒྱུར་གྱིས་བཀའ་སློབ་སྩལ་དོན། དེ་རིང་སྤྱིར་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་བཞེད་པ་ཕྱིན་ཅི་མ་ལོག་པར་འཆད་ཐུབ་པའི་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་མྱང་འདས་ཀྱི་དུས་ཆེན་ལ་བརྩིས་ནས་ཡོངས་གྲགས་སུ་དགའ་ལྡན་ལྔ་མཆོད་ཅེས་པ་དེ་རེད། དེ་སྔ་ལོ་ཤས་ཤིག་དགའ་ལྡན་དུ་དགའ་ལྡན་ལྔ་མཆོད་ཚོགས་པ་ཡིན། ཧ་ཅང་བསྐལ་བ་བཟང་པོ་བྱུང་། བར་སྐབས་ནད་ཡམས་ཀྱི་རྐྱེན་པས་ཕར་ཚུར་འགྲོ་རྒྱུར་ཏོག་ཙམ་དཀའ་ངལ་འཕྲད་པ་རེད། འོན་ཀྱང་གནད་འགག་གང་ཡང་མི་འདུག  གང་ལྟར་ད་ཆ་དྲ་རྒྱའི་ལམ་ནས་འབྲེལ་བ་ཐག་ཉེ་པོ་ཞིག་བྱེད་ཐུབ་ཀྱི་ཡོད། དེ་རིང་རྗེ་རིན་པོ་ཆེའི་མཆོག་དགོངས་རྫོགས་ཡིན་པར་བརྟེན་ང་རང་ཚོ་ཚང་མས་རྗེ་རིན་པོ་ཆེ་མཆོག་དྲན་གསོ་བྱེད་དགོས། རྗེ་རིན་པོ་ཆེའི་ཐུན་མོང་མ་ཡིན་པ་དེ་དགའ་ལྡན་ལྷ་བརྒྱ་མའི་ནང་ཡོད་པ་དེ་རེད།  སྙིགས་མའི་དུས་འདིར་མང་ཐོས་སྒྲུབ་ལ་བརྩོན། །ཆོས་བརྒྱད་སྤངས་པས་དལ་འབྱོར་དོན་ཡོད་བྱས། །མགོན་པོ་ཁྱོད་ཀྱི་རླབས་ཆེན་མཛད་པ་ལ། །བདག་ཅག་བསམ་པ་ཐག་པས་ཡི་རང་ངོ༌། །ཞེས་དུས་རྒྱུན་དགའ་ལྡན་ལྷ་བརྒྱ་མ་འདོན་པའི་སྐབས་ཚིགས་བཅད་འདི་སླེབ་ཀྱི་ཡོད། རྗེ་རིན་པོ་ཆེའི་རྣམ་ཐར་གཙོ་བོ་ནི་མང་དུ་ཐོས་པ། ཐོས་དོན་སྒྲུབ་ལ་གཞོལ། རང་ཉིད་ཀྱི་ཉམས་མྱོང་ཇི་ལྟར་ཡོད་པ་ནང་བཞིན་གང་ལྟར་གཞུང་ཆེན་མོའི་དགོངས་པ་དང་བསྟུན་ནས་གང་ལྟར་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་དཔྱིས་ཕྱིན་པ་ཞིག་གདུལ་བྱ་ལ་བསྟན་ཡོད། 

ང་ཚོ་ཚང་མ་སྤྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དང་ཡང་སྒོས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་རྗེས་འབྲང་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད། ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་ཞིབ་ཚགས་པོའི་ཐོག་ནས་མཐའ་དཔྱོད་དང་འབྲེལ་ནས་གསུང་མཁན་ཕལ་ཆེར་བོད་གངས་ཅན་ལྗོངས་ཀྱི་མཁས་པའི་དབང་པོ་མང་པོ་བྱུང་ཡོད། དངོས་གནས་བསམ་གྱིས་མི་ཁྱབ་པ་རེད། ནང་གསེས་བསྡུར་བ་ཡིན་ན་རྗེ་རིན་པོ་ཆེ་མཆོག་གི་གསུངས་དེ་དཀའ་གནད་ལ་བཤད་པ་མང་བ་དང་། དེ་ཙམ་གྱི་དཀའ་གནད་མེད་མཁན་རྣམས་ལ་བཤད་པ་སྤམ་བཤད་གནང་ཡོད་པ་ང་རང་ཚོས་དཔེ་ཆ་ལྟ་ཡོང་དུས་ཤེས་ཀྱི་འདུག སྟོང་ཉིད་ཀྱི་ལྟ་བའི་ཐོག་རྗེ་རིན་པོ་ཆེ་མཆོག་གི་སྔོན་ལ་ལྷག་མཐོང་ཆེན་པོ་དང་དེ་ནས་ལྷག་མཐོང་ཆུང་ངུ་། རྩ་འཇུག་གི་རྣམ་བཤད་གཉིས། ལེགས་བཤད་སྙིང་པོ་བཅས་གཞུང་ལྔ་པོ་དེ་དངོས་གནས་དྲང་གནས་ཀྱི་དབུ་མའི་ལྟ་བའི་འགྲེལ་བཤད་གཏིང་ཟབ་པོ་དང་ཧ་ཅང་སྤུས་དག་པོ་ཞིག་རེད་འདུག

ངོས་ཀྱིས་ཉིན་ལྟར་དབུ་མ་འཇུག་པའི་ཚིག་འདི་འདོན་གྱི་ཡོད། གལ་ཏེ་རང་གི་མཚན་ཉིད་བརྟེན་འགྱུར་ན། །དེ་ལ་སྐུར་བས་དངོས་པོ་འཇིག་པོ་འཇིག་པའི་ཕྱིར། །སྟོང་ཉིད་དངོས་པོ་འཇིག་པའི་རྒྱུ་འགྱུར་ན། །དེ་ནི་རིགས་མིན་དེ་ཕྱིར་དངོས་ཡོད་མིན། །གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན། །དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་ཏུ། །གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི། །ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །དེ་ཉིད་སྐབས་སུ་རིགས་པ་གང་ཞིག་གིས། །བདག་དང་གཞན་ལས་སྐྱེ་བ་རིགས་མིན་པ། །རིགས་དེས་ཐ་སྙད་དུ་ཡང་རིགས་མིན་པས། །ཁྱོད་ཀྱི་སྐྱེ་བ་གང་གིས་ཡིན་པར་འགྱུར། ཞེས་རྗེ་རིན་པོ་ཆེས་ལེགས་བཤད་སྙིང་པོའི་མཇུག་ལ་སྡོམ་བརྒྱབ་སྟེ་གསུང་གི་འདུག

གཞན་ཡང་། འཕགས་པའི་མཉམ་བཞག་དངོས་པོའི་འཇིག་རྒྱུར་ཐལ་བ། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ།  དོན་དམ་པ་སྐྱེ་བ་མི་ཁེགས་པར་ཐལ་བ།  ཆོས་རྣམས་རང་སྟོང་དུ་གསུངས་པ་མི་འཐད་པར་ཐལ་བ་བཅས་ཐལ་བ་བཞི་དེ་ལེགས་བཤད་སྙིང་པོའི་མཇུག་ལ་གསུངས་ཡོད་པ་དེ་ངོས་ཀྱིས་ཉིན་ལྟར་བསམ་བློ་གཏོང་གི་ཡོད། རྗེ་རིན་པོ་ཆེ་དངོས་གནས་དྲང་གནས་ཀླུ་སྒྲུབ་ཡབ་སྲས་ཀྱི་བཞེད་པ་དང་དཔལ་ལྡན་ཟླ་བ་གྲགས་པའི་ཐུན་མོང་མ་ཡིན་པའི་བཤད་སྲོལ་དེ་དག་ཧ་ཅང་གསལ་པོ་གསུངས་འདུག དེ་རིང་རྗེ་རིན་པོ་ཆེའི་དགོངས་རྫོགས་སྐབས་རྗེའི་གསུངས་དེ་དག་བློ་ལ་འཆར་དགོས།

དེ་དང་ཆབས་ཅིག་རྟོགས་བརྗོད་མདུན་ལེགས་མར། དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ།། ཞེས་པ་དང་། དགའ་ལྡན་ལྷ་བརྒྱ་མའི་ནང་གསལ་ལྟར། སྙིགས་མའི་དུས་འདིར་མང་ཐོས་སྒྲུབ་ལ་བརྩོན། །ཆོས་བརྒྱད་སྤངས་པའི་དལ་འབྱོར་དོན་ཡོད་བྱས། །ཞེས་ཆོས་བརྒྱད་སྤངས་པ་ཞེས་པ་དེ་གལ་ཆེན་པོ་ཞིག་རེད་འདུག ང་ཚོ་བླ་ཆེན་མི་ཆེན་གྱི་མིང་ཡོད་དུས་ཡ་མཚན་ཡིན་སྙམ་པར་ཁག་མེད་ཀྱང་།  རྗེ་རིན་པོ་ཆེར་རྒྱ་ནག་གོང་མས་གདན་ཞུ་ཡོང་བའི་སྐབས་སྤྱིར་རྗེ་རིན་པོ་ཆེ་མཆོག་རང་ཉིད་རྒྱ་ནག་ཏུ་ཐུགས་མཉེས་པོའི་ངང་ནས་ཕེབས་རྒྱུ་རེད་དེ་རྒྱ་ནག་ཏུ་ཕེབས་མི་འདུག དེ་ཆོས་བརྒྱད་སྤངས་པ་རེད། མགོན་པོ་ཁྱོད་ཀྱི་རླབས་ཆེན་མཛད་པ་ལ། །བདག་ཅག་བསམ་པ་ཐག་པས་ཡི་རང་ངོ༌། ཞེས་ང་ཚོས་བསྟོད་པ་འདོན་གྱི་ཡོད་པར་བརྟེན་ཉམས་ལེན་བྱེད་དགོས། ཤེས་སོང་ངམ།

དཔེ་ཆ་བལྟ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྗེ་རིན་པོ་ཆེའི་གསུང་འབུམ་པོད་བཅོ་བརྒྱད་དང་། དེའི་ནང་ནས་གོང་དུ་ཞུས་པ་བཞིན་གཞུང་ཆེན་ལྔ། ལྷག་པར་དྲང་ངེས་ལེགས་བཤད་སྙིང་པོའི་མཇུག་དེ་དག་ཧ་ཅང་གལ་ཆེན་པོ་རེད། ངོས་ཀྱིས་ཉིན་ལྟར་བསམ་བློ་གཏོང་གི་ཡོད། གཞུང་དེ་དག་བལྟས་པའི་དགོས་དོན་ཉམས་ལེན་བྱེད་དགོས། ངོས་ཀྱི་རྩ་བའི་བླ་མ་འཁྲུལ་ཞིག་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པ་རེད། ཁོང་གིས། དགེ་བཤེས་ཚིག་གི་མེ་ཏོག་རེད། འབྲས་བུ་མི་འདུག་ས་མ་ཡ། ཞེས་སྐུ་རྩེད་གནང་གི་རེད།  དགེ་བཤེས་ཚིག་ལ་བཤད་དགོས་ན་བཤད་རྒྱུ་ཡོད་པ། བཤད་པ་བཞིན་ལག་ལེན་སྟེང་ནས་ཏག་ཏག་མེད་པ་ཞིག་ཡོང་གི་ཡོད་སྟབས་གསུངས་པ་རེད།  ཅེས་སོགས་ཀྱི་བཀའ་སློབ་སྩལ་ཏེ་རྟེན་འབྲེལ་བསྟོད་པ་དང་། ལམ་རིམ་བསྡུས་དོན། སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག་གི་ཆོས་འབྲེལ་ལེགས་པར་གྲུབ་མཚམས་ཆོས་ཞུ་བའི་དྲི་བར་བཀའ་ལན་སྩལ། །

 

  •  
  •  
  •  
  •  
  •