གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༣༡ རེས་གཟའ་ཕུར་བུ། 

༄༅། །བོད་མདོ་སྨད་མགོ་ལོག་ཁུལ་རྨ་ཆེན་རྫོང་གངས་རི་ཡུལ་མཚོ་ནས་ཡིན་པའི་བོད་མི་འབྲོག་པ་ལྷུན་གྲུབ་རྡོ་རྗེ་ལགས་ཀྱིས་ཕྱི་ལོ་ ༢༠༡༩ ནས་བཟུང་རང་ཉིད་སྒེར་གྱི་སྤྱི་ཚོགས་བརྒྱུད་ལམ་སྟེང་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དང་བོད་རང་བཙན་སྐོར་གྱི་ནང་དོན་ལྡན་པའི་པར་རིས་དང་སྣང་བརྙན་ཁག་གཅིག་བརྒྱུད་སྐུལ་བྱས་པ་ལ་བརྟེན་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༤ ཉིན་མགོ་ལོག་ཁུལ་འབྲིང་རིམ་ཁྲིམས་ཁང་ཟེར་བས་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་སྤེལ་བར་བསྙད་ནས་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་ཆབས་ཅིག་ལོ་གཅིག་གི་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་ཡོད།

དེ་ཡང་ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༥ ཉིན་ལྷུན་གྲུབ་རྡོ་རྗེ་ལགས་ཀྱིས་སྒེར་གྱི་ཝེ་པོ་དྲ་ཚིགས་ (Weibo) སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ལ་ལོ་གསར་འཚམས་འདྲིའི་ཤིས་ཚིག་དང་པར་རིས་བརྒྱུད་སྤེལ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་སྐར་ཆ་བཅུ་ཅན་ཞིག་སྐད་འཕྲིན་བརྒྱུད་རང་ཉིད་ཀྱི་གྲོགས་པོར་བརྒྱུད་སྐུལ་བྱས་པ། གཞན་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༡ ཉིན་ཝེ་པོ་དྲ་ཚིགས་ཐོག་བོད་རང་བཙན་གྱི་བརྗོད་ཚིག་འཁོད་པའི་པར་རིས་དང་ཡི་གེ་བརྒྱུད་སྤེལ། ཕྱི་ཟླ་ ༥ ཚེས་ ༣ ཉིན་སྒེར་གྱི་ཝེ་པོ་དྲ་ཚིགས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བསྟོད་ཚིག་ཕུལ་ཡོད་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ན་ཕྲ་བའི་དུས་ཀྱི་སྐུ་པར་སོགས་བརྒྱུད་སྤེལ་བྱས་ཡོད་པར་བརྟེན། ཕྱི་ཟླ་ ༧ ཚེས་ ༢༣ ཉིན་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་གིས་ཟླ་བ་ལྔའི་རིང་བཀག་ཉར་བྱས་འདུག མགོ་ལོག་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་ལྷུན་གྲུབ་རྡོ་རྗེ་ལགས་ལ་ཁྲིམས་ཐག་བཅད་པ་དེར་ཁོང་རང་ཉིད་ཀྱིས་ངོས་ལེན་དང་བསྐྱར་དུ་ཞུ་གཏུག་བྱ་རྒྱུ་མིན་སྐོར་ཁས་ལེན་བྱས་ཡོད། བཙོན་འཇུག་གི་དུས་ཡུན་ཕྱི་ལོ་ ༢༠༢༡ ཟླ་ ༧ ནང་ཚང་གི་ཡོད་ནའང་ལོ་གཅིག་གི་ཆབ་སྲིད་ཀྱི་ཐོབ་ཐང་ཡང་འཕྲོག་ཡོད།

ལྷུན་གྲུབ་རྡོ་རྗེ་ལགས་ནི་ཕྱི་ལོ་ ༡༩༩༠ ཟླ་ ༨ ཚེས་ ༧ ཉིན་སྐྱེས་ཤིང་། ཕ་ཡུལ་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་གངས་རི་ཡུལ་ཚོ་ནས་ཡིན་འདུག་པ་བཅས། །

  •  
  •  
  •  
  •  
  •