གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༥ རེས་གཟའ་མིག་དམར། 

༄༅། །རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་རྗེ་ཙོང་ཁ་པ་ཆེན་པོ་མཆོག་གི་དགོངས་རྫོགས་ཏེ་དགའ་ལྡན་ལྔ་མཆོད་ཉིན་མཆོད་མཇལ་དང་ཆོས་ཕྱོགས་ཀྱི་བྱེད་སྒོར་མཉམ་ཞུགས་བྱེད་མི་ཆོག་པའི་དམ་བསྒྲགས་བྱས་ཡོད།

དེ་ཡང་གོང་གི་བརྙན་ཐུང་བརྒྱུད་དགའ་ལྡན་ལྔ་མཆོད་ཉིན་ཆོས་ཕྱོགས་ཀྱི་བྱེད་སྒོར་མཉམ་ཞུགས་མི་ཆོག་པའི་དམ་བསྒྲགས་སླད་དེ་ཉིན་རྒྱ་གཞུང་གིས་ལྷ་སའི་གཙུག་ལག་ཁང་དང་བར་སྐོར་གཡས་གཡོན་དུ་ཉེན་རྟོག་པ་འགྲེམས་སྤེལ་གྱིས་བོད་མི་རྣམས་ལ་གསང་ཞིབ་བྱེད་བཞིན་ཡོད་པ་དང་། ཕྱོགས་མཚུངས་ཌོ་རོན་གནམ་གྲུ་ drone བརྒྱུད་ནས་ཞིབ་བཤེར་བྱེད་པ་གསལ་གྱི་ཡོད། བརྙན་ཐུང་གཞན་ནང་རྒྱ་ནག་གཞུང་གིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་བསྒྲགས་ནན་པོ་བྱེད་བཞིན་ཡོད་པ་གསལ་ཡོད།

འདི་ལོའི་དགའ་ལྡན་ལྔ་མཆོད་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཅན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༣༡ འཁོར་བའི་དུས་ཆེན་ཉིན་འཁེལ་ཡོད།

སྔ་ལོ་རྒྱ་ནག་གཞུང་གིས་ལྷ་སའི་སློབ་གྲྭ་ཁག་དང་ལས་ཁུངས་ཁག་ལ་བརྡ་ཁྱབ་ཅིག་བཏང་ནས། ལས་བྱེད་དང་སློབ་མ་རྣམས་བཞི་མཆོད་དང་ལྔ་མཆོད་ཀྱི་ཆོས་ཕྱོགས་བྱེད་སྒོ་སྤེལ་ཡུལ་དང་མི་ཚོགས་འདུ་འཛོམས་མང་སར་བསྐྱོད་མི་ཆོག་པ་དང་། གལ་ཏེ་མཉམ་ཞུགས་བྱས་པ་ཤེས་རྟོགས་བྱུང་ཚེ། རང་ཉིད་ཀྱིས་འགན་འཁུར་དགོས་པ་མ་ཟད། ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་ཡོད་པ་བཅས། །

  •  
  •  
  •  
  •  
  •