གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༧ རེས་གཟའ་ཟླ་བ། 

༄༅། །བོད་མི་ཚེ་རིང་མཚོ་ལགས་ཀྱིས་བཀོལ་སྤྱོད་མཉེན་ཆས་ Wechat ནང་གནས་ཚུལ་སྤེལ་བར་བརྟེན་རྒྱ་ནག་གཞུང་གིས་འཛིན་བཟུང་བཀར་བྱས་ཡོད།

དེ་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༢ ཉིན་གྱི་མཚན་མོར་རྒྱ་ནག་གཞུང་གི་ལས་བྱེད་པས་ཚེ་རིང་མཚོ་ལགས་ཟི་ལིང་གྲོང་ཁྱེར་གྱི་རང་ཁྱིམ་ནས་ཁྲི་ཀ་རྫོང་སྤྱི་བདེ་བཀག་ཉར་ལྟེ་གནས་ཁང་ལ་བཙན་འཁྲིད་ཀྱིས་བཀག་བསྐྱིལ་བྱས་ཤིང་།  དེའི་རྗེས་ཕྱི་ཚེས་ ༡༣ ནས་ ༢༣  བར་རྒྱ་ནག་གཞུང་གིས་ཁོ་མོར་དུས་ཡུན་ཉིན་གྲངས ༡༠ རིང་བཀག་ཉར་དང་དངུལ་ཆད་བཅད་འདུག  བཀག་བསྐྱིལ་བྱས་པའི་རིང་རྒྱ་གཞུང་གིས་ཚེ་རིང་མཚོ་ལགས་ལ་གདུག་རྩུབ་མནར་གཅོད་ཚད་ལས་བརྒལ་བ་བཏང་འདུག 

བོད་མི་ཚེ་རིང་མཚོ་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་པ་ནི་དྲང་སྙོམས་ཤིག་མིན་པ་མ་ཟད། ཁྲིམས་འགལ་ཞིག་ཀྱང་ཡིན།

སྤྱིར་ཚེ་རིང་མཚོ་ལགས་ནི་བོད་ནང་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སོགས་རྩོད་ལེན་བྱེད་མཁན་གྱི་ལས་འགུལ་བ་ཞིག་ཡིན་པ་དང་། དེ་སྔ་ཁོང་གིས་མཚོ་སྔོན་ཁུལ་གྱི་རྒྱ་ནག་གཞུང་གི་ལས་བྱེད་པས་ལྐོག་ཟ་རུལ་སུངས་བྱེད་པའི་གནད་དོན་ཕྱིར་འགྲེམས་བྱས་པར་བརྟེན་ས་གནས་ཀྱི་དཔོན་རིགས་རྣམས་ནས་ཁོ་མོར་ཡང་ཡང་གསང་ཞིབ་བྱེད་ཀྱི་ཡོད།

ཚེ་རིང་མཚོ་ལགས་ཀྱིས། ཁོང་རང་ཉིད་རྒྱ་ནག་གཞུང་གི་འཛིན་བཟུང་བཀག་ཉར་བྱེད་དགོས་དོོན་ནི། དེ་སྔ་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་གོ་སྒྲིག་བྱས་པའི་རྒྱལ་སྤྱིའི་འགོ་ཁྲིད་ལས་འཆར་གྱི་ལས་རིམ་ཐོག་མཉམ་ཞུགས་གནང་རྗེས་ཕྱིར་བོད་ནང་ཕེབས་པ་ནས་བཟུང་རྒྱ་ནག་གཞུང་གིས་ཁོང་ལ་དུས་ཡུན་རིང་པོར་དོགས་ཟོན་མྱུལ་ཞིབ་དང་། ཐོ་གཞུང་ནག་པོའི་མིང་གཞུང་དུ་བཅུག་ཡོད་པ། ཁོང་གི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་དང་རྒྱ་ནག་ཉེན་རྟོག་པས་ཡང་ཡང་འབོད་འགུགས་དང་སྡིགས་ར་སྐུལ་ཡོད། ཅེས་གསུངས།

ཕྱི་ཟླ་ ༡༡ ཚེས་ ༡༢ ཉིན་རྒྱ་གཞུང་གིས་ཚེ་རིང་མཚོ་ལགས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ཀྱི་དོན་ཚན་ ༢༦ ནང་གསེས་ ༤ དང་འགལ་བའི་བསྙོན་འཛུགས་བྱས་ཏེ་རྒྱ་གཞུང་གིས་ཚེ་རིང་མཚོར་དུས་ཡུན་ཉིན་གྲངས་ ༡༠ རིང་བཀག་བསྐྱིལ་དང་རྒྱ་སྒོར་ཆིག་སྟོང་གི་ཉེས་ཆད་བཙན་འགེལ་གྱིས། ཁྲི་ཀ་རྫོང་སྤྱི་བདེ་ཅུའུ་བཀག་ཉར་ཁང་དུ་བཙོན་འཇུག་བྱས་འདུག འོན་ཀྱང་རྒྱ་གཞུང་གིས་ཚེ་རིང་མཚོའི་སྐད་འཕྲིན་ནང་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་ཁྲིམས་འགལ་གྱི་ཡི་གེ་གང་སྤེལ་ཡོད་མེད་གསལ་བཤད་བྱས་མེད།

དེ་སྔ་ཕྱི་ལོ་ ༢༠༡༧ ལོར་ཁོ་མོས་ས་གནས་བོད་མིར་ཕྱི་སྐྱོད་ལག་ཁྱེར་ཐོབ་ཐང་ཐད་ཞུ་གཏུག་ལས་འགུལ་སྤེལ་བར་བརྟེན་ཡུ་ཤུལ་ཁུལ་སྤྱི་བདེ་འདྲི་གཅོད་ཁང་དུ་བཀག་བསྐྱིལ་བྱས་འདུག སྐབས་དེའི་དོ་དམ་ཚན་པའི་འགོ་ཁྲིད་བྱམས་དགའ་ཟེར་བ་ཞིག་གིས་གདུག་རྩུབ་ཆེན་པོས་གཅར་རྡུང་བཏང་ཡོད།

རྒྱ་ནག་གཞུང་གི་རྒྱལ་ཁབ་བདེ་འཇགས་ཟེར་བའི་སྲིད་བྱུས་ཐོག་རྒྱལ་སྤྱིའི་མང་ཚོགས་ནས་ངེས་པར་དུ་ཞིབ་འཇུག་བྱེད་དགོས་ཀྱི་ཡོད་པ་བཅས།།

  •  
  •  
  •  
  •  
  •