ཟླ་བ་ ༡༡ ཚེས ༢༤ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༤ རེས་གཟའ་མིག་དམར། 

༄༅། །རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་འཛམ་གླིང་ནང་མི་གྲངས་སྟོང་ཕྲག་མང་པོ་འདས་གྲོངས་སུ་གྱུར་བ་དང་།  རྒྱ་ནག་གཞུང་གིས་གཞིས་བཞུགས་བོད་མིར་སྔར་ལྷག་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པར་བརྟེན་བཙན་བྱོལ་བོད་མིའི་རྣམས་ཀྱིས་མ་སྐུལ་དང་བླངས་ཐོག་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་དྲག་གནོན་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་གྱི་ཡོད།

དེ་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢ ཉིན་བོད་མི་བསྟན་འཛིན་དོན་གྲུབ་ལགས་ཀྱིས་རྒྱལ་སྤྱིའི་ཁྲོད་རྒྱ་ནག་གཞུང་གི་བྱ་སྤྱོད་ངན་པ་རྣམས་གསལ་འདོན་དང་། རྒྱ་ནག་གཞུང་གིས་བོད་ནང་ཁོར་ཡུག་གཏོར་བཤིག་ཇེ་ཆེར་གཏོང་བཞིན་པར་ཞི་རྒོལ་ཆེད་རྡ་ས་ནས་རྣ་ཐོས་ལ་བར་བོད་རང་དབང་སླད་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། རྒྱ་གར་ས་གནས་ཅན་དི་གྷར་དུ་འབྱོར་མཚམས་བོད་མི་བསྟན་འཛིན་ཉི་མ་ལགས་གོམ་བགྲོད་ལས་འགུལ་ཐོག་མཉམ་ཞུགས་གནང་སྟེ་ལས་འགུལ་མུ་མཐུལ་སྤེལ་ཡོད།

ཕྱི་ཚེས་ ༢༠ ཉིན་ཁོང་རྣམ་གཉིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་སྐབས་ལྡི་ལི་བོད་སྒར་བསམ་ཡས་གླིང་དང་ལ་དྭགས་རྡ་རམ་ས་ལའི་ནང་གནས་སྡོད་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་མི་མང་བཅས་ནས་མགུལ་དར་སྒྲོན་ཏེ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། སྐབས་དེར་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ནིལ་མོན་གྷ་ལགས་ཆེད་ཕེབས་ཀྱིས་བོད་དོན་ལས་འགུལ་དེ་ཚགས་ཚུད་དང་ལམ་ལྷོངས་ཡོང་བའི་སྨོན་འདུན་གནང་ཡོད། དེ་ནས་ཞི་བའི་གོམ་བགྲོད་པ་རྣམ་གཉིས་ཀྱིས་ལས་འགུལ་གྱི་དམིགས་ཡུལ་སོགས་ཀྱི་སྐོར་ངོ་སྤྲོད་གནང་།

ཕྱི་ཚེས་ ༢༣ རེས་གཟའ་ཟླ་བའི་ཉིན་གོམ་བགྲོད་པ་བོད་མི་གཞོན་སྐྱེས་གཉིས་དང་འཕགས་བོད་འབྲེལ་མཐུད་ལས་ཁང་གི་ལས་བྱེད་ཆོས་ཉིད་ཚེ་རིང་ལགས་བཅས་རྒྱ་ནག་གི་གཞུང་ཚབ་ཁང་དང་མཉམ་འབྲེལ་རྒྱལ་ཚོགས་སུ་ཆེད་བཅར་གྱིས་དགོས་འདུན་དོན་ཚན་གསུམ་ཅན་གྱི་ཡིག་ཆ་ཞིག་འགྲེམས་སྤེལ་གནང་ཡོད། དོན་ཚན་དང་པོ་བོད་ནང་ཁོར་ཡུག་གཏོར་བཤིག་བཏང་བཞིན་པ་རྣམས་གང་མགྱོགས་མཚམས་འཇོག་དགོས་པ། དོན་ཚན་གཉིས་པ་འཛམ་གླིང་ཡོངས་ནས་བོད་འདི་རྒྱ་ནག་གཞུང་གིས་དྲག་དམག་བརྒྱུད་བཙན་བཟུང་བྱས་པ་ངོས་འཛིན་དགོས་པ། དོན་ཚན་གསུམ་པ། རྒྱ་ནག་གི་ཚོང་ཟོག་ཉོ་ཚོང་མཚམས་འཇོག་བྱེད་དགོས། ཞེས་འཁོད་ཡོད།

གོང་ཚེས་ཉིན་གྱི་ཕྱི་དྲོར་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (Press Club of India) ཞེས་པའི་ཚོགས་ཁང་ནང་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཡོད། སྐབས་དེར་བསྟན་འཛིན་དོན་གྲུབ་ལགས་ཀྱིས་ལས་འགུལ་སྤེལ་དགོས་པའི་དམིགས་ཡུལ་ངོ་སྤྲོད་གནང་གྲུབ་མཚམས་བསྟན་འཛིན་ཉི་མ་ལགས་ཀྱིས་ཐེངས་འདིའི་ལས་འགུལ་གལ་ཆེར་རྩིས་ཏེ་མཉམ་ཞུགས་གནང་ཡིན་སྐོར་སོགས་གསུངས། གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པ་ཁྱོན་མི་གྲངས་ ༢༠ ཙམ་མཉམ་ཞུགས་གནང་འདུག་པ་བཅས། །

  •  
  •  
  •  
  •  
  •