ཟླ་བ་ ༡༡ ཚེས ༢༠ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༠ རེས་གཟའ་པ་སངས།

༄༅། །ཉེ་ཆར་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྲིད་བྱུས་འཆར་འགོད་ལས་ཁུངས་ནས་རྒྱ་ནག་ལ་གདོང་ལེན་བྱེད་ཕྱོགས་ (The Elements of the China Challenge ) ཞེས་པའི་སྙན་ཐོ་ཤོག་གྲངས་ ༧༢ ཅན་ཞིག་བཏོན་འདུག་པའི་ནང་ཨ་རིའི་གཞུང་ནས་རྒྱ་ནག་གི་དབང་ཤེད་རིང་ལུགས་ཀྱི་སྲིད་བྱུས་ཐོག་མི་དགའ་བའི་རྣམ་འགྱུར་དང་སྦྲགས་ཁ་གཏད་ཀྱི་ལན་འདེབས་གནང་ཡོད།

དེ་ཡང་སྙན་ཐོའི་ནང་གསལ་ལྟར་ན། རྒྱ་ནག་ནང་མི་རིགས་དབྱེ་འབྱེད་དང་གྲངས་ཉུང་མི་རིགས་ཀྱི་ཐོག་ལ་དྲག་གནོན་ཤུགས་ཆེ་བྱེད་བཞིན་པའི་གནད་དོན་ཐད་གོ་བསྡུར་གནང་ཡོད་པ་མ་ཟད། ཤོག་གྲངས་ ༤༢ ནང་བོད་དེ་རྒྱ་གཞུང་གིས་དྲག་དམག་བརྒྱུད་ནས་བཙན་བཟུང་བྱས་པའི་ས་ཆ་ཞིག་ཡིན་སྐོར་འཁོད་ཡོད།

དེ་སྔ་ཕྱི་ལོ་ ༡༩༤༨ ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཐད་ཡོངས་ཁྱབ་གསལ་བསྒྲགས་གནང་འཁོད་པའི་ཁྲིམས་དང་སྒྲིག་གཞི་ཁག་ལ་རྒྱ་ནག་གཞུང་གིས་བརྩི་མེད་བཏང་སྟེ་ཕྱི་ལོ་ ༡༩༥༠ ནང་རྒྱ་ནག་གཞུང་གིས་བཙན་དབང་གིས་བོད་ས་བཙན་བཟུང་བྱས་ཡོད་པ་མ་ཟད།  ཤིན་ཅང་ཁུལ་གྱི་ཡུ་གུར་མི་རིགས་ས་ཡང་མང་པོར་གདུག་རྩུབ་མནར་གཅོད་དང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བའི་ལས་འགུལ་སྤེལ་བ་དང་། གཞན་ཡང་ནང་སོག་ཏུ་མི་རིགས་དབྱེ་འབྱེད་ཀྱིས་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་དང་། རྒྱ་ནག་ནང་ཡོད་པའི་ཡི་ཤུའི་ཆོས་པ་ས་ཡ་ ༧༠ ལྷག་ལ་གཉའ་གནོན་གྱི་ཁྲིམས་ལག་བསྟར་བྱས་ཡོད།

གཞན་ཡང་སྙན་ཐོའི་ནང་རྒྱ་ནག་དམར་པོའི་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཞེས་པའི་སྲིད་བྱུས་ལ་ཁ་གཡར་ཏེ་གྲངས་ཉུང་མི་རིགས་རྣམས་རྒྱ་རིགས་ལ་བསྒྱུར་རྒྱུའི་སྲིད་བྱུས་ངན་པ་འདིང་གི་ཡོད། དེས་བོད་མི་ས་ཡ་དྲུག་ལ་དྲག་གནོན་མནར་གཅོད་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་། ཆོས་དད་རང་དབང་། སྨྲ་བརྗོད་རང་དབང་། འགྲོ་འདུག་རང་དབང་ལ་སོགས་ཀྱི་ཐད་དམ་བསྒྲགས་ཤུགས་ཆེ་བྱེད་ཀྱི་ཡོད།

རྒྱ་ནག་ལ་གདོང་ལེན་བྱེད་དགོས་ཕྱོགས་ཀྱི་སྙན་ཐོའི་ནང་བོད་མི་ཙམ་མ་ཟད། དེ་སྔ་ཕྱི་ལོ་  ༡༩༨༩ ལོར་གནམ་བདེ་སྒོ་མོའི་ཐང་ཆེན་ (Tiananmen Square) དུ་སློབ་ཕྲུག་གཙོ་བོར་གྱུར་བའི་མང་གཙོ་དོན་གཉེར་བ་སྟོང་ཕྲག་མང་པོས་ངོ་རྒོལ་བྱས་པར་རྒྱ་ནག་གཞུང་གིས་གདུག་རྩུབ་དྲག་གནོན་བྱས་པ་དང་། གཞན་ཡང་ཡུ་གུར་དང་ཁ་ཆེ་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་སྐོར་སོགས་ལའང་གོ་བསྡུར་གནང་འདུག

དེ་ཡང་ཨ་རིར་ཡོད་པའི་ Axios  ཞེས་པའི་གསར་ཁང་གིས་གོང་གི་སྙན་ཐོ་གཞིར་བཞག་པའི་ཐོག་ནས་ཨ་རིའི་གཞུང་ནས་རྒྱ་ནག་ལ་ཁ་གཏད་གཅོག་ཆེད་དོན་ཚན་བཅུའི་ཐོག་ནས་སྡོམ་བརྒྱབ་ཡོད་པ་གཤམ་གསལ། 

དང་པོ། ཁྲིམས་ཀྱི་དབང་སྒྱུར་སྲིད་གཞུང་དང་སྤྱི་དམངས་ཚོགས་སྡེ་བསྐྲུན་རྒྱུ་དང་། 

གཉིས་པ། མུ་མཐུད་འཛམ་གླིང་སྟེང་གི་དམག་གི་སྟོབས་ཤུགས་ཆེ་ཤོས་རྒྱལ་ཁབ་ཀྱི་གནས་བབ་འཛིན་གོས།

གསུམ་པ། ཁྲིམས་སྒྲིག་གཞི་རྩར་བཟུང་བའི་ཐོག་རྒྱལ་སྤྱིའི་སྒྲིག་འཛུགས་ས་བརྟན་བཟོ་དགོས། 

བཞི་པ། མནའ་འབྲེལ་མཐུན་ཚོགས་ཀྱི་སྒྲིག་འཛུགས་ལ་བསྐྱར་ཞིབ། 

ལྔ་པ། མནའ་འབྲེལ་མཐུན་ཚོགས་རྒྱ་སྐྱེད་ཇེ་ཆེར་གཏོང་དགོས་པ་དང་། རྒྱལ་སྤྱིའི་ཚོགས་པ་གསར་པ་ཁག་གསར་འཛུགས་གནང་སྟེ་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གོང་མཐོར་གཏོང་དགོས། 

དྲུག་པ། རྒྱ་ནག་གཞུང་དང་ལྷན་དུ་བསྟུན་དགོས་པའི་ལས་དོན་རྣམས་མཉམ་ལས་དང་མི་རུང་བའི་བྱ་སྤྱོད་ངན་པ་ཁག་བཀག་སྡོམ་དང་སྦྲགས་ངོ་རྒོལ་བྱེད་དགོས།

བདུན་པ། ཨ་རིའི་མི་མང་ཚོར་རྒྱ་གཞུང་ལ་གདོང་ལེན་བྱེད་ཕྱོགས་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་དགོས། 

བརྒྱད་པ། མི་རབས་གསར་པའི་གཞུང་གི་ལས་བྱེད་རྣམས་ལ་རྒྱ་ནག་དང་འགྲན་རྩོད་བྱེད་ཕྱོགས་ཐད་སྦྱོང་བརྡར་སྤྲོད་དགོས།

དགུ་པ། བརྡ་འཕྲིན་གྱི་དུས་རབས་འདིར་ཨ་རིའི་ཤེས་ཡོན་སྲིད་བྱུས་ལ་བསྐྱར་བཅོས་ཀྱིས་ཨ་རིའི་སློབ་མ་རྣམས་ལ་མི་སེར་གྱི་འགན་འཁུར་གང་ཡིན་མིན་ཐོག་སློབ་གསོ་སྤྲོད་དགོས། 

བཅུ་པ།  ཨ་རི་ནི་རང་དབང་གི་རྩ་དོན་ལ་ལག་ལེན་གྱི་ཐོག་ནས་སྲུང་སྐྱོབ་བྱེད་མཁན་ཞིག་ཡིན་དགོས། ཞེས་འཁོད་ཡོད་པ་བཅས། །