གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༡ རེས་གཟའ་སྤེན་པ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡  ཚེས་ ༢༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨ་རིའི་ཕོ་བྲང་དཀར་པོའི་ནང་གཞུང་འབྲེལ་ཐོག་ཕེབས་ཡོད་པ་དང་། འདི་ནི་ལོ་ངོ་ ༦༠ ལྷག་གི་ལོ་རྒྱུས་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཞིག་ཨ་རིའི་ཕོ་བྲང་དཀར་པོའི་ནང་གཞུང་འབྲེལ་ཐོག་མགྲོན་འབོད་གནང་བ་ཆེས་ཐོག་མ་དེ་ཆགས་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་ལས་ཁུངས་ཀྱི་སྐུ་ཚབ་རྣམ་པ་དང་། དེ་བཞིན་ཨེ་ཤི་ཡ་དང་རྒྱ་ནག་ཐོག་ཕྱག་ལས་གནང་མཁན་གཙོ་བོར་གྱུར་པའི་ཨ་རིའི་ཕོ་བྲང་དཀར་པོའི་གནད་ཡོད་མི་སྣ་ཁག་གཅིག་དང་ལྷན་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་སྐོར་གསུངས་ཡོད།

ཟླ་བ་སྔོན་མའི་ནང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གསར་པ་སྐུ་ཞབས་རོ་བྷེར་ཊི་ཌེ་སི་ཊི་རོ་ (Robert A. Destro) མཆོག་དང་མཇལ་འཕྲད་སླད་དུ་ཨ་རིའི་གཞུང་གིས་དཔལ་ལྡན་སྲིད་སྐྱོང་མཆོག་ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་གཞུང་འབྲེལ་ཐོག་མགྲོན་འབོད་གནང་ཡོད།

འདས་པའི་ལོ་ངོ་ ༦༠ ལྷག་གི་ནང་ཨ་རིའི་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་ཨ་རིའི་ཕོ་བྲང་དཀར་པོ་དང་ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་ཕེབས་བཅུག་མེད། རྒྱུ་མཚན་གཙོ་བོ་ནི། ཨ་རིའི་གཞུང་གིས་གཞུང་འབྲེལ་ཐོག་བོད་མིའི་སྒྲིག་འཛུགས་ངོས་འཛིན་གནང་གི་མེད། ཐེངས་འདིར་དཔལ་ལྡན་སྲིད་སྐྱོང་མཆོག་ཨ་རིའི་ཕོ་བྲང་དཀར་པོའི་ནང་ཕེབས་པ་དེས་ཨ་རིའི་གཞུང་གི་ངོས་ནས་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་དང་དེའི་དབུ་ཁྲིད་སྲིད་སྐྱོང་མཆོག་ངོས་འཛིན་གནང་བ་མཚོན་གྱི་ཡོད།

ཕྱི་ལོ་ ༢༠༡༡ ལོར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་བདམས་ཐོན་བྱུང་བ་ནས་བཟུང་ད་བར་ལོ་ངོ་དགུ་ལྷག་གི་ནང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་ཕོ་བྲང་དཀར་པོའི་གནད་ཡོད་མི་སྣ་ཁག་གཅིག་དང་ལྷན་ས་གནས་འདྲ་མིན་ནང་གསང་རྒྱའི་ཐོག་ཐེངས་ ༡༢ ལྷག་མཇལ་འཕྲད་གནང་ཡོད། ལོ་རྒྱུས་ནང་སྔར་བྱུང་མྱོང་མེད་པའི་ཐེངས་འདིའི་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་དང་ཨ་རིའི་ཕོ་བྲང་དཀར་པོའི་གནད་ཡོད་མི་སྣ་ཁག་གཅིག་མཇལ་འཕྲད་གནང་བ་དེས་འབྱུང་འགྱུར་བོད་མིའི་སྒྲིག་འཛུགས་ནས་ཨ་རིའི་གཞུང་གི་ལས་བྱེད་མི་སྣ་དང་ལྷན་མཉམ་ཞུགས་གནང་ཐུབ་པའི་ལམ་ཁ་སྟབས་བདེ་ཞིག་བསྐྲུན་ངེས་ཡིན།

དཔལ་ལྡན་སྲིད་སྐྱོང་མཆོག་གིས་རང་ཉིད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་ལས་ཡུན་རྫོགས་ལ་ཉེ་བ་ཡོད་ནའང་སྐུ་ངལ་འཛེམས་མེད་ཀྱིས་ཕྱི་ལོ་ ༢༠༡༩ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ (Tibetan Policy and Support Act 2019) མཇུག་སྐྱོང་སླད་དུ་ཞུ་གཏུག་གནང་གི་ཡོད།

དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་སྐུ་ཚབ་དོན་ཁང་གི་ལས་བྱེད་སྐལ་བཟང་སྒྲོལ་མ་ལགས་རྣམ་གཉིས་ལྷན་བཅར་ཞུས་ཡོད།།