ཟླ་བ་ ༡༡ ཚེས ༢༠ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་  ༡༡ ཚེས་ ༢༠ རེས་གཟའ་པ་སངས། 

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༨ ཉིན་ (Farefuturo Foundation’s Training School) ཞེས་པའི་ཐེབས་རྩ་ཁང་གི་གོ་སྒྲིག་འོག་ཨི་ཊ་ལིའི་གྲོས་ཚོགས་གོང་མའི་ནཱ་སེ་རི་ཡའི་(Nassyria Hall) ཚོགས་ཁང་ནང་གསུང་བཤད་དང་གསར་འགོད་ལྷན་ཚོགས་གཅིག་ལྕོགས་དྲ་རྒྱ་བརྒྱུད་ཚོགས་ཡོད་པ་དང་། གསུང་བཤད་དང་གསར་འགོད་ལྷན་ཚོགས་གཅིག་ལྕོགས་ཀྱི་ལས་རིམ་ཐོག་ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨི་ཊ་ལིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་ཊར་ཛི་ (Terzi) མཆོག  དེ་བཞིན་གསར་འགོད་པ་སོགས་མཉམ་ཞུགས་གནང་ཡོད།

དེ་ཡང་ཧོང་ཀོང་གི་མང་གཙོ་དོན་གཉེར་བ་གྲགས་ཅན་ཇོ་ཤུ་ཝང་ (Joshua Wong) ལགས་ཀྱིས་ཨི་ཊ་ལིའི་གྲོས་ཚོགས་གོང་མའི་ནང་ཐེངས་དང་པོ་བདེན་དཔང་གནང་བའི་ལོ་འཁོར་དུས་དྲན་དང་བསྟུན། ཁོང་གིས་རང་དབང་གི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད། གསུང་བཤད་ཀྱི་ལས་རིམ་དེ་ནི་ཧོང་ཀོང་གི་གྲོས་ཚོགས་ནང་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོ་ཕྱིར་འབུད་བཏང་བའི་ཉིན་རྗེས་མ་དེར་ཚོགས་ཡོད།

ཇོ་ཤུ་ཝང་ལགས་ཀྱིས། ཁོང་རང་ཉིད་མི་འགྱང་བར་བཙོན་དུ་འཇུག་སྲིད་པའི་སྐོར་དང་འབྲེལ་ནས་གསུང་དོན། བཙོན་ཁང་གིས་དུས་ནམ་ཡང་ངའི་མང་གཙོའི་ལས་འགུལ་དང་དཔྱད་ཞིབ་ཀྱི་བསམ་བློ་བཀག་འགོག་བྱ་མི་ཐུབ། ཧོང་ཀོང་གི་འོས་བསྡུ་ཚགས་ཚུད་བྱུང་ཡོད་མེད་ལ་མ་ལྟོས་པར་ཕྲན་རང་མེད་པའི་རིང་རྣམ་པ་ཚོས་མུ་མཐུད་ཧོང་ཀོང་མི་མང་ལ་རྒྱབ་སྐྱོར་གནང་རོགས། རྒྱ་ནག་དམར་ཤོག་ཚོགས་པས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཟེར་བ་ཞིག་ལག་བསྟར་བྱས་ཏེ་ཧོང་ཀོང་གི་མང་གཙོ་དོན་གཉེར་བ་གཞི་རྒྱ་ཆེ་བ་ཞིག་འཛིན་བཟུང་བྱེད་བཞིན་ཡོད་པས། རྣམ་པ་ཚོས་དེའི་ཐད་དོ་སྣང་གནང་རོགས། ཞེས་དང་།

ཧོང་ཀོང་མི་མང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་བཞིན་པ་དེས། རྒྱ་ནག་དམར་ཤོག་གཞུང་གིས་རྒྱ་ནག་སྐམ་ས་ཆེན་པོ་དང་། བོད། ཡུ་གུར་བཅས་ལ་མཁྲེགས་འཛིན་གྱིས་དྲག་གནོན་བྱེད་བཞིན་པའི་གནད་དོན་གཅིག་པུ་མིན་པའི་དཔང་རྟགས་སྟོན་གྱི་ཡོད། རྒྱ་ནག་དམར་ཤོག་གཞུང་གིས་ཧོང་ཀོང་ནང་དང་པོ་དྲག་གནོན་བྱས་ཏེ་རིམ་པས་ཐེ་ཝན་དང་། ཨེ་ཤི་ཡ། དེ་བཞིན་ཨི་ཊ་ལི་ཚུད་པའི་འཛམ་གླིང་ཡོངས་ལ་དྲག་གནོན་བྱ་སྲིད། རྒྱ་ནག་གཞུང་གིས་ལྷག་པར་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཡར་རྒྱས་ཀྱི་ལས་གཞི་ལ་མཚན་རྟགས་འགོད་མཁན་ཨི་ཊ་ལི་ལྟ་བུའི་རྒྱལ་ཁབ་ཁག་ལ་དྲག་གནོན་བྱ་སྲིད། ཅེས་གསུངས།
ཧོང་ཀོང་གི་མང་གཙོ་དོན་གཉེར་བ་གྲགས་ཅན་ཇོ་ཤུ་ཝང་ལགས་ཀྱིས་སེམས་འགུལ་ཐེབས་པའི་གསུང་བཤད་གནང་བར། ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་དང་ཨི་ཊ་ལིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་འགན་འཛིན་ (Co-President of the Italian Inter-Parliamentary Group for Tibet) སྐུ་ཞབས་ནོ་བྷི་ལི་ (Nobili Luciano IV ) མཆོག་གིས་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་ད་ལྟའི་ཧོང་ཀོང་ནང་གི་གནས་སྟངས་དེ་ཕྱི་ལོ་ ༡༩༥༡ ནས་ད་བར་བོད་ནང་བྱུང་བའི་གནས་སྟངས་དང་གཅིག་མཚུངས་རེད། ཅེས་གསུངས།

སུད་སིའི་སྐུ་ཚབ་དོན་གཅོད་ཁང་གིས་ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ནོ་བྷི་ལི་མཆོག་གིས་མུ་མཐུད་བོད་དོན་སླད་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་ཡོད།།