ཟླ་བ་ ༡༡ ཚེས ༡༤ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༤ རེས་གཟའ་སྤེན་པ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་ཚན་རིག་ཀུན་བཏུས་དེབ་ཕྲེང་གཉིས་པ་ཡུལ་ཅན་བློའི་རྣམ་གཞག་སྐོར་གྱི་ཨིན་བསྒྱུར་དཔེ་དེབ་དབུ་འབྱེད་དང་། ཝ་སི་ཀོན་སིན་གཙུག་ལག་སློབ་གཉེར་ཁང་གི་སེམས་ཁམས་འཕྲོད་བསྟེན་ཉམས་ཞིབ་ལྟེ་གནས་ཁང་བརྒྱུད་མིའི་སྒོམ་སྒྲུབ་ཉམས་ལེན་ཁང་གི་འགན་འཛིན་སློབ་དཔོན་ཇོན་ཌཱན་ (John Dunne) ལགས་དང་། སེམས་དང་སྲོག་གི་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས། ཝིསི་ཌཱམ་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་འགོ་འཛིན་ཌེ་ནི་ཡལ་ཨེཊ་ཀེན་ (Daniel Aitken) ལགས་བཅས་ཀྱི་དྲི་བར་བཀའ་ལན་སྩལ་ཡོད། 

 

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་ཁྲིར་འཁོད་མཚམས་ཝིསི་ཌཱམ་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་འགོ་འཛིན་ཌེ་ནི་ཡལ་ཨེཊ་ཀེན་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོར་ཆིབས་སྒྱུར་བསྐྱངས་པར་བཀའ་དྲིན་ཆེ་དང་འཚམས་འདྲི་ཞུས་རྗེས་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ལས་ཡུལ་ཅན་བློའི་རྣམ་གཞག་སྐོར་གྱི་ཨིན་བསྒྱུར་དེབ་ཀྱི་རྩོམ་སྒྲིག་པ་དང་ཞུ་ཆེན་པ་རྣམ་པར་འཚམས་འདྲི་དང་། དཔེ་དེབ་དབུ་འབྱེད་ལ་མཉམ་ཞུགས་གནང་མཁན་རྣམས་ངོ་སྤྲོད་གནང་།

དེ་ནས་དབུ་འབྱེད་གནང་རྒྱུའི་དཔེ་དེབ་འདི་ནི་ཡུལ་ཅན་བློའི་རྣམ་གཞག་སྐོར་ཡིན་པ་དང་། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་ཨིན་ཡིག་དེབ་གཉིས་པ་ཆགས་ཀྱི་ཡོད། རིམ་པ་དང་པོ་ནི་དངོས་ཁམས་ཀྱི་སྐོར་ཡིན་པ་དང་། འདི་ནི་སེམས་ཁམས་ཀྱི་སྐོར་ཆགས་ཀྱི་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་ལ་བརྟེན་ནས་བོད་རིགས་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་རིང་གཅེས་ཉར་གནང་བའི་ནཱ་ལེནྡྲའི་པཎ་གྲུབ་ཚོའི་ལེགས་བཤད་རྣམས་ད་ལྟ་འཛམ་གླིང་ལ་ལེགས་སྐྱེས་སུ་ཕུལ་ཐུབ་བྱུང་ཡོད་པའི་སྐོར་སོགས་ངོ་སྤྲོད་གནང་རྗེས་དེབ་ཀྱི་སྔོན་གླེང་འབྲི་མཁན་མཁས་དབང་ཇོན་ཌོན་ལགས་ཀྱིས་སྔོན་གླེང་དཔྱད་རྩོམ་འབྲི་དགོས་པའི་རྒྱུ་མཚན་སོགས་ཀྱི་སྐོར་གསུང་བཤད་གནང་། དེ་རྗེས་བགྲོ་གླེང་གཙོ་སྐྱོང་བས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐེངས་དང་པོར་དཔེ་དེབ་འདི་ལྟ་བུ་ཞིག་དགོངས་པར་ཇི་ལྟར་འཁྲུངས་པའི་སྐོར་ལ་བཀའ་སློབ་གསོལ་འདེབས་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། ངོས་ཀྱིས་འཛམ་གླིང་སྟེང་གི་ཆོས་ལུགས་ཆེ་ཁག་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། ལྟ་གྲུབ་མི་འདྲ་བ་ཡོད་ནའང་ཐུན་མོང་གི་བསླབ་བྱ་ནི་བྱམས་བརྩེ་དང་བཟོད་བསྲན། རང་ཁྲིམས་སྲུང་བ་སོགས་གཅིག་མཚུངས་ཆགས་ཡོད། རྒྱུན་ལྡན་དུ་ངོས་ཀྱིས་བརྗོད་བཞིན་པ་ནི། ནང་པའི་ངོས་ནས་ཞུས་ན་ཆོས་ལུགས་ཆ་ཚང་མིས་བཟོས་པ་ཆགས་ཀྱི་ཡོད། ཆོས་ཀྱི་བསླབ་བྱ་ནི་མིའི་བཟང་ཕྱོགས་གང་ཡིན་པ་དེ་གསུང་གི་ཡོད། དཔེར་ན། བྱམས་པ་དང་བཟོད་བསྲན། ཆོག་ཤེས་ལྟ་བུ་རེད། ང་ཚོའི་མི་ཚེ་བདེ་སྐྱིད་ལྡན་པ་ཡོང་བ་ལ་བསླབ་བྱ་འདི་དག་ཕན་ཐོགས་ཆེན་པོ་ཡོད། ཆོས་ལུགས་ཆེ་ཁག་ཚང་མས་མིས་བཟང་སྤྱོད་ཀྱི་བསླབ་བྱ་རྣམས་གསུངས་དགོས་པའི་རྒྱུ་མཚན་ཡང་དེ་ལྟར་རེད། དེར་བརྟེན་ཆོས་ལུགས་ཆེ་ཁག་ཚང་མ་ཧ་ཅང་ཡག་པོ་དང་གུས་ཞབས་ཡོད། 

ནང་པའི་ནང་དུའང་སངས་རྒྱས་བཅོམ་ལྡན་འདས་གཅིག་གི་རྗེས་འབྲང་ཡིན་ནའང་དགོངས་པ་བཞེས་ཕྱོགས་མ་འདྲ་བ་ཡོད། སེམས་ཅན་གྱི་ཁམས་མི་འདྲ་བ་དང་མཐུན་པར་ལྟ་གྲུབ་མི་འདྲ་བ་ཡོང་གི་ཡོད། ཆོས་ལུགས་མཐུན་འབྲེལ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། རང་གི་ཆོས་ལུགས་དང་གཞན་གྱི་ཆོས་ལུགས་ཞེས་ཕྱོགས་རིས་བྱེད་རྒྱུ་ནི་དངོས་ཡོད་དང་མི་མཐུན་ལ་ཡག་པོའང་མི་འདུག རང་གཞན་གྱི་ཆ་ཕྱེས་ཏེ་ཕྱོགས་རིས་ཀྱིས་གསོད་རེས་གཏོང་མཁན་མང་པོ་ཡོང་གི་ཡོད་པས་ང་ཚོས་ནུས་པ་མཉམ་སྤུངས་ཀྱིས་ཆོས་ལུགས་མཐུན་འབྲེལ་ལ་འབད་བརྩོན་བྱེད་དགོས། ཆོས་ལུགས་མཐུན་འགྲེལ་གོང་འཕེལ་ཡོང་བ་ལ་ཆོས་ལུགས་ཁག་གི་བསླབ་བྱ་གང་ཡོད་པ་དང་། ལྟ་གྲུབ་མི་འདྲ་བ་གང་ཡིན་པ་ཤེས་པའི་ཐོག་ནས་སེམས་ཅན་གྱི་དོན་མཛད་པ་ལ་ཆོས་ལུགས་དེ་དག་ཕན་ཐོགས་ཡོད་པ་ར་འཕྲོད་དགོས་པ་ཧ་ཅང་གལ་ཆེན་པོ་རེད།  

དེ་ནས་ང་ཚོ་ནང་པའི་སྐོར་ཞུས་པ་ཡིན་ན་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་ཡོད། ནང་པའི་ཆོས་སྤྱི་དང་ལྷག་པར་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱིས་རིགས་པ་གཙོ་བོར་འཛིན་གྱི་ཡོད། པཱ་ལིའི་རྗེས་འཇུག་གིས་སངས་རྒྱས་ཀྱི་ལུང་གཙོ་བོར་འཛིན་པ་མ་གཏོགས་རིགས་པའི་རྗེས་སུ་འབྲང་གི་མེད། རིགས་པ་དང་ལྡན་མི་ལྡན་གཙོ་བོར་མི་འཛིན་པར་སངས་རྒྱས་རང་གི་རྗེས་འབྲང་ཡིན་པས་ལུང་གཙོ་བོར་འཛིན་རྒྱུ་ནི་པཱ་ལིའི་ཆོས་བརྒྱུད་ཀྱི་དགོངས་པ་བཞེས་སྟངས་རེད། ནཱ་ལེནྡྲ་ནི་ནང་པའི་ལྟ་སྤྱོད་ལ་སློབ་སྦྱོང་བྱེད་སའི་བསྟི་གནས་ཆེན་པོ་ཞིག་ཡིན་པས་རིགས་པའི་ལམ་ནས་གཏན་ལ་ཕབ་པའི་ལམ་ལུགས་ཤིག་ཚུགས་ནས་སངས་རྒྱས་རང་གིས་གསུངས་པའི་མདོའི་ནང་དུ་ཡིན་ནའང་རིགས་པ་དང་མཐུན་དང་མི་མཐུན། དངོས་ཡོད་གནས་ཚུལ་དང་མཐུན་མིན་ལ་དཔྱད་ནས་རིགས་པ་དང་འགལ་བ་དང་མཐོང་ཆོས་ཀྱི་མྱོང་བ་དང་འགལ་ཡོད་ཚེ་སྒྲ་ཇི་བཞིན་པ་ཁས་ལེན་དུ་མི་རུང་བའི་ལམ་ལུགས་ཡོད་པ་རེད། སངས་རྒྱས་རང་གིས་རང་གི་གསུངས་ལ་བརྟག་དཔྱད་གནང་དགོས་པ་ཞིག་གསུངས་པ་ཡིན་པས་ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་ཚུགས་པ་ནས་བཟུང་ཚད་མ་རིག་པའི་གཏན་ཚིགས་ཀྱི་ལམ་ནས་དཔྱད་པ་བྱེད་པའི་ལམ་ལུགས་ཤིག་ཚུགས་པ་རེད། 

ནང་པའི་གཞུང་དུ་ཕྱིའི་གཟུགས་ཅན་རྡུལ་ཕྲ་རབ་ལས་ཇི་ལྟར་གྲུབ་པའི་སྐོར་རྩད་གཅོད་བྱས་ཡོད་ཀྱང་། གཙོ་བོ་སེམས་ཁམས་རིག་པ་གཙོ་བོར་བྱས་ཏེ་གསུང་གི་ཡོད། དེང་སང་ཚན་རིག་པ་དང་མཉམ་དུ་སྐད་ཆ་བཤད་དུས་ཕྱི་དངོས་ཁམས་རིག་པའི་སྐོར་དེ་ཚན་རིག་པ་ཚོས་རྩད་གཅོད་བྱས་ཏེ་ཧ་ཅང་ཡག་པོ་བཤད་རྒྱུ་ཡོད། གནས་ཚུལ་ཧ་ཅང་ཡག་པོ་ཤེས་ཡོད། ནུབ་ཕྱོགས་ནས་ཚན་རིག་ཡོང་བ་རེད། ཚན་རིག་གི་ནང་དུ་སེམས་ཁམས་རིག་པའི་སྐོར་ཧ་ཅང་ཚད་དམའ་བོ་རེད། དེར་བརྟེན་དང་པོ་ཡིད་བློ་དང་ཡིད་ཀྱི་རྣམ་པར་ཤེས་པ་སོགས་ཀྱི་དབྱེ་བ་བྱེད་ཤེས་ཀྱི་མི་འདུག དེང་སང་ཀླད་པའི་གནས་ཚུལ་ཞིབ་ཕྲ་འགྲེལ་བཤད་རྒྱག་མཁན་གྱི་ཚན་རིག་པ་ཚོས་སེམས་ཀྱི་རྣམ་རྟོག་འདྲ་མིན་ཡོང་བའི་སྐབས་སུ་ཀླད་པ་སོ་སོར་བྱེད་ལས་མི་འདྲ་བ་ཡོང་བཞིན་པ་ཤོད་ཀྱི་འདུག གང་ལྟར་སེམས་ཁམས་རིག་པ་ནི་དེ་སང་མ་ལྡེང་བའི་ཆ་ཞིག་རེད།

སྤྱིར་རྒྱ་གར་གྱི་གནའ་རབས་ཀྱི་ཤེས་ཡོན་ནང་དུ་འཚེ་བ་མེད་པ་དང་སྙིང་རྗེ་བཤད་སྐབས་སེམས་ཁམས་དང་འབྲེལ་བ་ཡོད། ཕལ་ཆེར་ལོ་ཉིས་སྟོང་གོང་ནས་སེམས་རྩེ་གཅིག་པའི་ཞི་གནས་དང་ཡུལ་ལ་དཔྱད་པའི་སོ་སོའི་ཤེས་རབ་ཀྱིས་ལྷག་པར་མཐོང་བ་ཡོད་པ་ཞིག་རེད། དེང་སང་དངོས་ཁམས་རིག་པ་ཧ་ཅང་ཡག་པོ་ཡོད་ཀྱང་མ་ལྡེང་བའི་ཆ་ནི་སེམས་ཁམས་རིག་པ་རེད། དེ་ནི་ཆོས་ལུགས་ཀྱི་སྐད་ཆ་མ་ཡིན་པར་ཤེས་ཡོན་གྱི་འདུ་ཤེས་འཛིན་དགོས།   ཚན་རིག་པའི་ནང་ནས་སེམས་ཁམས་རིག་པའི་སྐོར་ལ་རྒྱ་གར་གྱི་རིག་གཞུང་དང་དེའི་ནང་ནས་ནང་པའི་རིག་གཞུང་ནང་གི་སེམས་ཁམས་རིག་པའི་སྐོར་ལ་དམིགས་བསལ་གྱིས་དོ་སྣང་བྱེད་བཞིན་འདུག 

དུས་རབས་ཉི་ཤུ་པའི་སྨད་ཙམ་བར་དུ་ཚན་རིག་པ་ཚོས་སེམས་ཀྱི་སྐོར་ལ་ཕལ་ཆེར་དོ་སྣང་བྱས་མེད་པ་དང་། སེམས་ནི་ཀླད་པ་ཁོ་ན་ཡིན་པ་ཞིག་ལ་ངོས་འཛིན་གྱིས་སྙིང་འཕར་ལྡིང་མཚམས་འཇོག་བྱས་པ་དང་ཁྲག་གི་འཁོར་རྒྱུག་འགག་པ། ཀླད་པའི་བྱེད་ལས་མཚམས་བཞག་ཚེ་མི་དེ་ཤི་ཚར་བར་སྤྱི་ཡོངས་ཀྱིས་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཐུགས་དམ་ལ་བཞུགས་མཁན་ཚོ་བདུན་གཅིག་གམ་གཉིས་གསུམ་ལ་ལུས་ཕུང་སོས་པར་གནས་བཞིན་པ་ལ་ཚན་རིག་གི་ཐོག་ནས་འབྲེལ་བཤད་རྒྱག་ཐུབ་ཀྱི་མེད། ཅེས་སོགས་དང་།

གཞན་ཡང་བྱིས་པ་རེ་འགས་ཚེ་སྔོན་མའི་སྐོར་ཧ་ཅང་གསལ་པོ་དྲན་གྱི་ཡོད་པ་དང་། མགོན་པོ་གང་ཉིད་མཆོག་ཀྱང་དེ་ལྟ་བུའི་བྱིས་པ་རེ་འགར་ཐུག་བྱུང་བ་སོགས་བཀའ་སློབ་སྩལ་རྗེས་སེམས་ཀླད་པར་ངོས་འཛིན་བྱེད་མཁན་གྱི་ཚན་རིག་པ་ཚོས་ད་ལྟ་རིམ་པས་ཀླད་པ་ལས་གཞན་ཞིག་ཡོད་པ་དང་། དེ་ཅི་ཞིག་ཡིན་མིན་གྱི་དོགས་སློང་བྱུང་གི་ཡོད་ལ་ང་ཚོས་དེ་ལ་སེམས་ཞེས་འབོད་ཀྱི་ཡོད། ཚན་རིག་པ་ཚོས་ང་ཚོའི་ཀླད་པར་རྐྱེན་སྤྲོད་མཁན་དེ་ཅི་ཞིག་ཡིན་པར་ཞིབ་འཇུག་བྱེད་མགོ་རྩོམ་གྱི་ཡོད། དེ་བཞིན་ཚེ་སྔོན་མའི་སྐོར་ཧ་ཅང་གསལ་པོ་དྲན་པའི་བྱིས་པ་ཚོའི་འདས་པའི་དྲན་པ་དེ་ཚེ་སྔོན་མ་ནས་ད་ལྟའི་ལུས་ལ་འཁྱེར་ཡོང་བའི་རྒྱུ་རྐྱེན་ལ་ཞིབ་འཇུག་བྱེད་མགོ་རྩོམ་གྱི་ཡོད། འདིའི་རིགས་ལ་ང་ཚོས་ཚན་རིག་དང་མཐུན་པའི་ཐོག་ནས་ལན་ཞིག་རག་དགོས་པ་རེད།  ཅེས་སོགས་ཀྱི་བཀའ་སློབ་སྩལ། །