ཟླ་བ་ ༡༡ ཚེས ༡༩ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༩ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༧ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཆོས་དད་རང་དབང་གོང་འཕེལ་ཆེད་རྒྱལ་སྤྱིའི་བློན་ཆེན་རིམ་པའི་ཆོས་དད་རང་དབང་གི་ཚོགས་འདུ་ཞིག་དྲ་རྒྱ་བརྒྱུད་ཚོགས་ཡོད་པ་དང་། དྲ་ཐོག་གི་ཚོགས་འདུའི་ཐོག་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་འགན་འཛིན་སྐུ་ཞབས་སེ་མུལ་བྷ་རོན་བྷེག་ (Samul D. Brownback) མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་དང་འབྲེལ་བའི་རྒྱ་ནག་གི་བྱེད་ཕྱོགས་ལ་དགག་བྱ་ཤུགས་ཆེ་གནང་འདུ

དེ་ཡང་ཁོང་གིས་རྒྱ་ནག་གཞུང་གིས་འཕྲུལ་ཆས་བེད་སྤྱོད་བྱས་ཏེ་ཡུ་གུར་ནང་དྲག་གནོན་བྱས་པ་ལྟར། བོད་ནང་གི་བོད་མིའི་ཆོས་དད་རང་དབང་ཐོག་དྲག་གནོན་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་དེ་ལྟ་བུའི་དྲག་གནོན་འཛམ་གླིང་གི་རྒྱལ་ཁབ་གཞན་གྱི་ནང་དུའང་ཁྱབ་བརྡལ་སྔོན་འགོག་སླད་དུ་འཕྲལ་དུ་མཚམས་འཇོག་དགོས། ཞེས་དང་།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་ཞུ་ེརྒྱུའི་ཐོབ་ཐང་བོད་མི་ཁོ་ནར་ཡོད་པ་ལས་ཆོས་ཁས་མི་ལེན་མཁན་རྒྱ་ནག་གཞུང་ལ་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་མེད། ཅེས་གསུངས།

གཞན་ཡང་ཁོང་གིས་འདས་པའི་ལོ་ངོ་བརྒྱ་ཕྲག་གི་རིང་བོད་མི་ཚོས་ཚགས་ཚུད་ངང་བླ་སྤྲུལ་ངོས་འཛིན་གནང་ཐུབ་པ་བྱུང་ཡོད་པ་མ་ཟད།  དུས་ད་ལྟ་ཡིན་ནའང་བོད་མི་ཚོས་དེ་ལྟར་བླ་སྤྲུལ་ངོས་འཛིན་གནང་རྒྱུའི་ཐོབ་ཐང་ཡོད། ཅེས་གསུངས། 

དེ་བཞིན་སྐུ་ཞབས་སེ་མུལ་མཆོག་གིས། ཆོས་དད་རང་དབང་གི་གནད་དོན་དང་འབྲེལ་རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆེ་མི་རིགས་དང་། བོད་མི་ནང་པ། ཡི་ཤུ། རྩ་རླུང་སྒོམ་སྒྲུབ་ཉམས་ལེན་པ་ (Falung Gong) བཅས་ཀྱི་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་ཡོད་པ་གསར་འགོད་པར་འགྲེལ་བརྗོད་དང་ལན་འདེབས་གནང་ཡོད།

དེ་སྔ་ཕྱི་ལོ་ ༢༠༡༩ ལོར་སྐུ་ཞབས་སེ་མུལ་མཆོག་དང་འབྲེལ་ཡོད་མི་སྣ་ལྔ་བཞུགས་སྒར་རྡ་ས་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་སུ་གཟིགས་སྐོར་དུ་ཕེབས་པ་དེས་བོད་མི་ཚོར་རེ་བ་ཞིག་དང་། རྒྱ་ནག་གཞུང་ལ་བརྡ་ལན་གསལ་པོ་ཞིག་གནང་ཡོད། །