ཟླ་བ་ ༡༡ ཚེས ༡༩ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༩ རེས་གཟའ་ཕུར་བུ། 

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༩ ཉིན་གྱི་སྔ་དྲོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། གདོང་ལེན་དང་རེ་བ། བདེ་སྐྱིད་ཀྱི་འབྲེལ་ལམ་ (Resilience, Hope and Connection for Wellbeing) ཞེས་པའི་བརྗོད་གཞིའི་ཐོག་ཨོ་སི་ཊི་ལི་ཡའི་སི་ཌི་ནིའི་མཐོ་སློབ་ཀྱི་ཀླད་པ་དང་སེམས་ཀྱི་ཉམས་ཞིབ་སྡེ་ཚན་གྱི་དགེ་རྒན་ཆེན་མོ་ཨི་ཨན་ཧི་ཀེ་ལགས་དང་ལྷན་དུ་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲ་རྒྱ་བརྒྱུད་མཉམ་ཞུགས་མཛད་ཡོད།

གདོང་ལེན་དང་རེ་བ། བདེ་སྐྱིད་ཀྱི་འབྲེལ་ལམ་ཞེས་པ་ནི། ཨོ་སི་ཊི་ལི་ཡའི་ནང་ཕྱི་ལོ་ ༢༠༢༠ ལོའི་བདེ་སྐྱིད་དང་དེའི་རྒྱུ་རྐྱེན་(Happiness & Its Causes 2020) ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་པ་དེའི་ཆ་ཤས་ཤིག་ཡིན།

དེ་ཡང་ཐོག་མར་བདེ་སྐྱིད་དང་དེའི་རྒྱུ་རྐྱེན་ཞེས་པའི་སྡེ་ཚན་གྱི་འགན་འཛིན་དང་ཐེངས་འདིའི་བགྲོ་གླེང་གཙོ་སྐྱོང་བ་སྐུ་ཞབས་ཊོན་ནེ་སི་ཊེ་ལི་ (Tony Steel) ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་སྐབས། ཐེངས་འདིའི་བགྲོ་གླེང་སྟེང་འཛམ་གླིང་གི་འཕྲོད་བསྟེན་ཆེད་ལས་པ་དང་། སེམས་ཁམས་རིག་པ་བ། ཤེས་ཡོན་པ། ཚོང་པ་སོགས་མི་སྟོང་ཕྲག་ཁ་ཤས་ཤིག་མཉམ་ཞུགས་གནང་ཡོད། ཅེས་དང་།

ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་མི་མང་པོ་འདས་གྲོངས་སུ་ཕྱིན་པ་དང་། དེར་བརྟེན་མི་མང་པོ་ཞིག་སེམས་ཁྲལ་དང་གྲོགས་མེད་ཁེར་རྐྱང་ངང་སྡོད་བཞིན་ཡོད་པའི་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་ལམ་སྟོན་ཇི་འདྲ་ཞིག་བརྩལ་རྒྱུ་ཡིན་ནམ་ཞེས་བཀའ་འདྲི་ཞུས་རྗེས།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལན་སྩལ་དོན། ཐོག་མར་ངོས་ཀྱིས་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན། ཨོ་སི་ཊི་ལི་ཡ་ནི་ཐག་རིང་པོ་རེད། ངོས་རང་དངོས་སུ་དེར་ཡོང་ཐུབ་ཀྱི་མི་འདུག ངོས་ཀྱི་གྲོགས་པོ་མང་པོ་ཞིག་ཨོ་སི་ཊི་ལི་ཡ་དང་ནིའུ་ཛི་ལན་ཌི་ནང་ཡོད། ངོས་ཀྱིས་དམིགས་གསལ་ཞིག་དྲན་སོས་ཀྱི་འདུག   ནིའུ་ཛི་ལན་ཌིའི་མི་ཚོས་འཚམས་འདྲི་གནང་སྐབས་སྣ་རྩེར་ཐུག་ནས་འཚམས་འདྲི་གནང་གི་རེད། ངོས་ཀྱིས་ནིའུ་ཛི་ལན་ཌིའི་མི་ཚོར་ཐུག་འཕྲད་བྱེད་སྐབས་དུས་རྟག་ཏུ་སྣ་རྩེ་སྟོན་གྱི་ཡོད། དེ་དང་ཆབས་ཅིག་ངོས་ཀྱིས་ཁོང་ཚོར་ངོས་ཀྱི་མཆུ་ཏོའི་སྟེང་མ་ཐུག་རོགས་གནང་ཞེས་ཞུ་གི་ཡོད།

ངོས་རང་ལ་ཨོ་སི་ཊི་ལི་ཡ་དང་ནིའུ་ཛི་ལན་ཌིའི་ནང་གྲོགས་པོ་མང་པོ་ཡོད། དེར་བརྟེན་ཁོང་ཚོ་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན། ང་ཚོ་གྲོགས་པོ་ཆགས་རྗེས་གྲོགས་པོའི་འདུ་ཤེས་དེ་མི་ཚེ་གང་པོར་གནས་ཀྱི་རེད། ནང་པའི་ཕྱོགས་ནས་བཤད་ན་གྲོགས་པོའི་འབྲེལ་བ་ཉེ་པོ་བྱུང་རྗེས་འབྲེལ་བ་དེའི་ཤུགས་རྐྱེན་ཚེ་རབས་ནས་ཚེ་རབས་སྡོད་ཀྱི་ཡོད་པ་རྗོད་ཀྱི་ཡོད། ང་ཚོས་དེ་ལྟར་ཡིད་ཆེས་བྱེད་ཀྱི་ཡོད། ཨོ་སི་ཊི་ལི་ཡའི་ངའི་གྲོགས་པོ་མང་པོ་ཞིག་ལ་གྲོགས་པོའི་འདུ་ཤེས་ཀྱིས་ཤུགས་རྐྱེན་ཐེབས་ཡོད་པ་དེ་མུ་མཐུད་ཚེ་རབས་ནས་ཚེ་རབས་བར་བསྡད་ཀྱི་རེད། 

དེ་རིང་ཁ་སང་འཛམ་གླིང་ནང་གོ་ལའི་ཚ་དྲོད་འཕེལ་བཞིན་ཡོད་པ་དེ་ང་ཚོས་སྟངས་འཛིན་བྱེད་ཐུབ་པ་ཞིག་རེད་མི་འདུག  གོ་ལའི་ཚ་དྲོད་འཕེལ་བར་བརྟེན་ལ་ཊིན་ཨ་མི་རི་ཀ་ (Latin America) དང་ཨོ་སི་ཊི་ལི་ཡའི་ནང་ཤིང་ནགས་ལ་མེ་སྐྱོན་བྱུང་ཡོད། རྐྱེན་ངན་དེ་དག་ནི་རང་བྱུང་གི་གནོད་པ་ལྟ་བུ་རེད། ཆོས་མངོན་པ་མཛོད་ནང་དམག་གི་འཇིགས་པ་དང་མུ་གེའི་འཇིགས་པར་བརྟེན་ནས་འཇིགས་རྟེན་འདི་ཡང་སྟོང་འགྲོ་ཡི་ཡོད་པ་གསུང་གི་ཡོད། ཚན་རིག་པ་ཁ་ཤས་ཤིག་གིས་ངོས་ལ་བརྗོད་པ་ལྟར་ན། ལོ་བཅུ་ཁྲག་ཁ་ཤས་ནང་འཛམ་གླིང་གི་རྒྱུག་ཆུ་དེ་དག་སྐམ་འགྲོ་ཡི་རེད་ཟེར། ཐ་མ་འཇིག་རྟེན་འདི་ཡང་སྟོང་འགྲོ་ཡི་ཡོད། དེ་འཇིག་རྟེན་གྱི་ཆོས་ཉིད་ཡིན་པ་ལས་ང་ཚོས་དེར་སྟངས་འཛིན་དེ་ཙམ་བྱེད་མི་ཐུབ།

ང་ཚོས་བྱེད་ཐུབ་པ་ནི། ང་ཚོ་གསོན་པོར་གནས་པའི་རིང་ལ་ང་ཚོ་མི་ཚེ་སྐྱིད་པོ་དང་ཞི་བདེ་ལྡན་པ་ཞིག་བསྐྱལ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། འཇིག་རྟེན་འདི་སྟོང་བཞིན་པའི་སྐབས་འདིར་ད་དུང་ང་ཚོས་ཕན་ཚུན་དམག་འཁྲུག་བརྒྱབ་སྟེ། དཀའ་ངལ་མང་པོ་ཞིག་ང་ཚོ་རང་གིས་བཟོ་བཞིན་ཡོད་པ་ནི། དངོས་གནས་དྲང་གནས་ཧ་ཅང་སེམས་སྐྱོ་དགོས་པ་ཞིག་རེད། འདི་དག་ཚང་མ་ཤེས་ཡོན་གྱི་སློབ་གསོ་འདང་ངེས་མ་བྱུང་བར་བརྟེན་ནས་ཡོང་གི་ཡོད།

ད་ཆ་འཛམ་གླིང་འདི་བཞིན་ཞི་བདེ་དང་འཆམ་མཐུན་ལྡན་པ་ཞིག་ཇི་ལྟར་བསྐྲུན་དགོས་པའི་ཐད་ང་ཚོས་བསམ་བློ་གཏོང་དགོས་པའི་ཛ་དྲག་གི་དུས་ལ་སླེབས་ཡོད། དཔེར་ན། རིའི་འགྲམ་ནས་རྡོ་ཆེན་པོ་ཞིག་མར་འཛག་བཞིན་ཡོད་ན། དེའི་འོག་ཏུ་གནས་པའི་མི་རྣམས་ལ་ཕན་ཚུན་སྲུང་སྐྱོབ་བྱེད་རྒྱུའི་ཚབ་ཏུ་འཁྲུག་པ་བརྒྱབ་ནས་སྡོད་པ་ཡིན་ཐབས་སྐྱོ་བོ་རེད།  ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་བཀའ་འདྲི་ཁག་ལ་བཀའ་ལན་སྩལ་ཡོད་པ་བཅས།།