ཟླ་བ་ ༡༡ ཚེས ༡༦ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༦ རེས་གཟའ་ཟླ་བ།

༄༅། །སུད་སིའི་གྲོས་ཚོགས་གོང་མའི་ (National Council of Switzerland) ཕྱི་འབྲེལ་ལས་དོན་ཚན་པས་སུད་སི་གཞུང་ (Swiss Federal Council) ལ་རྒྱ་ནག་དང་ལྷན་འགྲོ་བ་མིའི་ཐོབ་ཐང་ལག་བསྟར་བྱེད་ཕྱོགས་ཀྱིི་གྲོས་བསྡུར་དང་། ལྷག་པར་སུད་སི་ནང་ཡོད་པའི་བོད་མིའི་གནས་སྟངས་ཐོག་ཞིབ་ཕྲའི་སྙན་ཐོ་ཞིག་གྲོས་ཚོགས་སུ་གནང་དགོས་པ་རེ་སྐུལ་ཞུས་འདུག 

དེ་ཡང་ཐག་གཅོད་དེ་ནི་ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༩ ཉིན་སུད་སི་ཕྱི་སྲིད་ལས་དོན་ཚན་པས་དེ་སྔ་སྤྱི་ལོ་ ༢༠༡༨ ལོར་ཕུལ་བའི་སུད་སི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཞུ་ལ་དཔྱད་ཞིབ་བྱེད་སྐབས་ཐག་གཅོད་བྱུང་བ་ཞིག་ཡིན་འདུག

ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༠ ཉིན་འཇིག་ཉེན་ཡོད་པའི་མི་རིགས་སྲུང་སྐྱོབ་ལྷན་ཚོགས་ (Society for Threatened Peoples) དང་། སུད་བོད་མཛའ་འབྲེལ་ཚོགས་པ་ (Swiss Tibetan Friendship Assoviation) གཉིས་ཀྱིས་སུད་སི་མི་སེར་ ༡༡༠༠༠ ལྷག་གི་མཚན་རྟགས་འཁོད་པའི་སྙན་ཞུ་ཞིག་ཕུལ་ཏེ། བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཆེད་རྒྱལ་སྤྱི་རིམ་པའི་ཐོག་ནས་རྒྱ་ནག་ལ་ཁ་གཏད་དུ་ལངས་དགོས་པའི་འབོད་སྐུལ་གནང་འདུ

སུད་སི་གཞུང་གི་ཕྱི་སྲིད་ལས་དོན་ཚན་པས་སྙན་ཐོ་གཉིས་བཏོན་ཡོད་པ་དང་། སྙན་ཐོ་དང་པོ་ནང་སུད་སི་གཞུང་གིས་གྲོས་ཚོགས་ནང་སུད་སི་དང་རྒྱ་ནག་གཞུང་གཉིས་དབར་འགྲོ་བ་མིའི་ཐོབ་ཐང་དང་དེའི་གནས་བབ་ལ་ལན་འཚོལ་ཞིབ་བྱེད་པ་དང་། སུད་སི་གཞུང་གིས་རྒྱ་ནག་དང་ལྷན་གྲོས་བསྡུར་བརྒྱུད་འབྱུང་འགྱུར་འཆར་གཞི་དང་ལག་ལེན་བྱེད་ཆོག་ཐད་སྙན་ཐོ་ཞིག་ཕུལ་དགོས་པའི་རེ་སྐུལ་ཞུས་ཡོད་པ་དང་། སྙན་ཐོ་གཉིས་པའི་ནང་སུད་སི་གཞུང་ནས་སུད་སི་ནང་གི་བོད་མི་ཚོའི་གནས་སྟངས་ཐོག་ཞིབ་ཕྲའི་སྙན་ཐོ་ཞིག་གནང་དགོས་པ་དང་། དམིགས་བསལ་སྨྲ་བརྗོད་རང་དབང་དང་དོགས་སྲུང་བྱ་ར་ཐོག་གནང་དགོས་པའི་རེ་སྐུལ་ཞུས་ཡོད།

ཉེ་ཆར་རྒྱ་ནག་དབང་འཛིན་པ་ཚོས་སུད་སི་ནང་ཡོད་པའི་བོད་མི་ཚོར་དོགས་སྲུང་བྱ་ར་བྱེད་ཀྱི་ཡོད་པའི་སྙན་ཐོ་ཞིག་བཏོན་ཡོད་པ་དང། དེ་འདྲ་བའི་གནད་དོན་ཨ་རིའི་ནིའུ་ཡོག་དང་སུ་ཝེ་ཌན་ནང་ལའང་བྱུང་ཡོད།

སྙན་ཐོ་དེ་གཉིས་ནི་སུད་སི་གྲོས་ཚོགས་ནང་ཕྱི་ལོ་ ༢༠༢༡ ཟླ་ ༣ ལྷན་ཚོགས་སྐབས་གྲོས་བསྡུར་དང་འོས་ཤོག་འཕེན་རྒྱུ་ཡིན་ཞིང་།  གནད་དོན་དེ་ནི་སུད་སི་གྲོས་ཚོགས་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ལྷག་པར་སུད་སི་ནང་ཡོད་པའི་བོད་མི་ཚོའི་གནས་སྟངས་ཐོག་སྦས་སྐུང་མེད་པར་གྲོས་བསྡུར་བྱ་རྒྱུ་ཡིན་པས་ལོ་རྒྱུས་ཁྲོད་གནད་དོན་ཧ་ཅང་གལ་ཆེན་ཞིག་ཆགས་ཡོད།   སུད་སིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ནི་ཀོ་ལ་སི་ (Nicolas Walder) མཆོག་གིས། ང་ཚོའི་ངོས་ནས་སུད་སིའི་གཞུང་ལ་རྒྱ་ནག་དང་ལྷན་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་འགྲོ་བ་མིའི་ཐོབ་ཐང་གི་སྐོར་དོན་ཕན་གྱི་གྲོས་མོལ་གནང་ཡོད་ཅེས་པའི་གྲུབ་འབྲས་ཀྱི་སྙན་ཐོ་ཞིག་གནང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། ཅེས་སོགས་གསུངས།།