ཟླ་བ་ ༡༡ ཚེས ༢༤ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༤ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༣ ཉིན་ཤི་ལོང་ས་གནས་འགོ་འཛིན་པདྨ་དོན་གྲུབ་ལགས་དང་། ལས་དྲུང་བསྟན་འཛིན་དབྱངས་ཅན་ལགས་རྣམ་གཉིས་ཀྱིས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་མཚོན་ཆེད་རྒྱ་གར་བྱང་ཤར་མེ་གྷ་ལ་ཡ་ (Meghalaya) མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་སཏྱ་པཱལ་མ་ལིཀ་  (Satya Pal Malik) མཆོག་གི་ཞུགས་གནས་སུ་ཁོང་དང་མཇལ་འཕྲད་གནང་ཡོད།

དེ་ཡང་ཕྱི་ལོ་ ༢༠༢༠ ལོ་འདི་བཞིན་བོད་མིའི་སྒྲིག་འཛུགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པའི་ཆ་ཤས་སུ། ཤི་ལོང་ས་གནས་འགོ་འཛིན་པདྨ་དོན་གྲུབ་ལགས་ཀྱིས་རྒྱ་གར་བྱང་ཤར་མེ་གྷ་ལ་ཡ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་སཏྱ་པཱལ་མ་ལིཀ་མཆོག་ལ་འཚམས་འདྲིའི་མགུལ་དར་དང་། ཐུགས་རྗེ་ཆེ་ཞུ་མཚོན་དོན་དུ་དྲན་རྟེན་ཕྱག་རྟགས་ཤིག་ཕུལ་ཡོད།

སྐབས་དེར་ས་གནས་འགོ་འཛིན་པདྨ་དོན་གྲུབ་ལགས་ཀྱིེས་འཕགས་བོད་གཉིས་ཀྱི་དབར་ཆོས་ཕྱོགས་ཀྱི་འབྲེལ་ལམ་དང་། དཔལ་ནཱ་ལེཎྡྲའི་མཁས་པ་རྣམས་ཀྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་དུ་ནང་པ་སངས་རྒྱས་པའི་ཆོས་དར་སྤེལ་བྱུང་བའི་སྐོར་ངོ་སྤྲོད་ཞུས་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གཞུང་དམངས་གཉིས་ནས་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་བོད་མི་རྣམས་ལ་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་མུ་མཐུད་མཐུན་འགྱུར་རོགས་རམ་ཡོང་བའི་འབོད་སྐུལ་ཡང་ཞུས་ཡོད།

མངའ་སྡེའི་སྲིད་སྐྱོང་མཆོག་གིས་དེ་སྔ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུ་རྒྱུའི་གོ་སྐབས་བཟང་པོ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་སྐོར་གསུངས་ཡོད་པ་བཅས། །

  •  
  •  
  •  
  •  
  •