ཟླ་བ་ ༡༡ ཚེས ༡༦ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༦ རེས་གཟའ་ཟླ་བ། 

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་  ༡༦ རེས་གཟའ་ཟླ་བ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་དབུས་འོས་བསྡུ་ལས་ཁང་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༡༨ དགོངས་དོན། འོས་འཕེན་པའི་མིང་གཞུང་དེབ་འགོད་ལེགས་གྲུབ་བྱུང་བ་དང་། མིང་གཞུང་དེབ་འགོད་བྱ་བསྡད་རིགས་ལ་སླར་ཡང་གོ་སྐབས་གཉིས་པ་གནང་རྒྱུའི་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་སོང་།

དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་དབུ་བཞུགས་ཐོག་འོས་བསྡུའི་འགན་འཛིན་ལས་འཕར་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་དང་། ཟུང་དྲུང་བསྟན་འཛིན་ནོར་བུ་ལགས། ཕྱི་ནང་གི་གསར་འགོད་པ་བཅས་ལྷན་འཛོམས་ཐོག་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་མཆོག་གིས་གསར་འགོད་གསལ་བསྒྲགས་སྒྲོགས་སྦྱང་གནང་དོན། དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༡ ཉིན་ཡོངས་ཁྱབ་གསལ་བསྒྲགས་སྤེལ་དོན། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༡༨ ནང་གསེས་ ༡ པོའི་དགོངས་དོན། ༼ས་གནས་སོ་སོའི་འོས་བསྡུའི་མིང་གཞུང་དེབ་འགོད་འགན་འཛིན་བསྐོ་བཞག་གཏན་འབེབས་ཟིན་མཚམས་དོན་ཚན་ ༡༧ ནང་གསེས་ ༣ པའི་འོག་བརྗོད་དོན་ཁག་གཞིར་བཟུང་འོས་འཕེན་པའི་མིང་གཞུང་དེབ་འགོད་འགན་འཛིན་ནས་ས་གནས་མི་མང་གི་མིང་གཞུང་སྔོན་ཡོད་ཁག་གཞིར་བཟུང་དག་བཤེར་བྱེད་པའམ། གསར་དུ་དེབ་བསྐྱེལ་བྱ་རྒྱུའི་ལས་དོན་འཕྲལ་དུ་འགོ་འཛུགས་དགོས།༽  ཞེས་གསལ་བ་བཞིན། འོས་འཕེན་པའི་མིང་གཞུང་དེབ་འགོད་གསར་དུ་ཞུ་གཏན་འཁེལ་བ་ལྟར་གྱི་ལས་གཞི་ལག་བསྟར་ཞུ་སྐབས་འཛམ་གླིང་ཁྱོན་ཡོངས་ནང་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་ཚབས་ཆེན་ཁྱབ་མིན་ལ་མ་ལྟོས་པར། གལ་འགངས་ཆེ་བའི་བོད་བསྟན་སྲིད་ཀྱི་གལ་ཆེའི་ལས་དོན་མང་ཚོགས་ནས་འཛིན་སྐྱོང་འགན་འཛིན་དང་། ཁྲིམས་བཟོ་ལྷན་ཚོགས་བཅས་གསར་འདེམས་ཞུ་རྒྱུའི་རྨང་གཞི་ལྟ་བུ་འོས་འཕེན་པའི་མིང་གཞུང་དེབ་འགོད་དང་འབྲེལ་བའི་ཕྱག་ལས་གནང་སྒོ་ཁག་ས་གནས་འོས་བསྡུ་ཚོགས་ཆུང་ཁག་ནས་ཚགས་ཚུད་དང་། ས་གནས་ཕལ་མོ་ཆེ་ནས་དུས་ཐོག་ཕུལ་འབྱོར་བྱུང་བར་དབུས་འོས་བསྡུ་ལས་ཁང་ནས་བསྔགས་བརྗོད་ཞུ་རྒྱུ་ཡིན།

དེ་བཞིན་རྒྱ་ཆེའི་མང་ཚོགས་ནས་ཀྱང་ཐུགས་འཁུར་ཆེ་བསྐྱེད་ཐོག་མང་གཙོའི་ལམ་ལུགས་ནང་ཧ་ཅང་གལ་གནད་ཆེ་བའི་ཐོབ་ཐང་དང་། ལས་འགན་རླབས་ཆེན་འོས་བསྡུ་ཆེན་མོའི་ནང་ཆ་ཤས་བཞེས་ཆེད་མིང་གཞུང་དེབ་འགོད་གནང་རྒྱུར་ཐུགས་འགན་ཆེ་བསྐྱེད་ཐོག་མཉམ་ཞུགས་གནང་བར་ལེགས་གསོལ་ཞུ་རྒྱུ་ཡིན།

འདི་ལོར་འཛམ་གླིང་རྒྱལ་ཁབ་གྲངས་ ༢༦ ནང་ས་གནས་འོས་བསྡུ་ལས་ཁང་གྲངས་ ༥༨ ནས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་སླད་འོས་འཕེན་པའི་མིང་གཞུང་དེབ་འགོད་ཀྱི་ལས་གཞི་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡ ནས་ཟླ་ ༡༠ ཚེས་ ༡༥ བར་གནང་བ་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༠ དགོངས་དོན་མིང་ཐོ་སྣོན་འཕྲི་བྱ་རྒྱུར་ཟླ་ ༡༠ ཚེས་ ༡༦ ནས་ ༣༠ བར་ཞུས་རྗེས་ཟླ་ ༡༠ ཚེས་ ༣༡ ཉིན་ལས་གཞི་གཙང་བསྒྲིལ་ཟིན་འབྲས། རྒྱ་གར་ནང་ཁྱོན་བསྡོམས་འོས་འཕེན་པ་གྲངས་ ༥༥༦༨༣ དང་ཕྱི་རྒྱལ་ཁག་ནང་འོས་འཕེན་པའི་གྲངས་ ༢༤༠༡༤ བཅས་བསྡོམས་བཙན་བྱོལ་ནང་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་འཕེན་པ་ཁྱོན་བསྡོམས་གྲངས་ ༧༩༦༩༧ བྱུང་ཡོད།

༢། ཉེ་ལམ་ས་གནས་འོས་བསྡུའི་འགན་འཛིན་རྣམས་ལ་འོས་བསྡུའི་ཟབ་སྦྱོང་ཕུལ་སྐབས། ས་གནས་མང་དག་ནས་དགོངས་འཆར་བྱུང་བར་དབུས་འོས་བསྡུ་ལས་ཁང་ནས་དགོངས་བཞེས་ཀྱིས། སླར་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༣ ནས་ ༢༨ བར་ཉིན་གྲངས་ལྔའི་རིང་མིང་གཞུང་དེབ་འགོད་བྱ་བསྡད་ཡོད་རིགས་ལ་གོ་སྐབས་གཉིས་པ་འབུལ་གཏན་འཁེལ་བ་ཡིན་ན། རང་རེའི་བཙན་བྱོལ་སྤྱི་ཚོགས་ནང་འོས་འཕེན་པ་གཅིག་ཀྱང་མ་ལུས་པ་དེབ་འགོད་གནང་ཐབས་ཐོག་འབྲེལ་ཡོད་ཡོངས་ནས་ཐུགས་འཁུར་གནང་ཕྱོགས་དགོས་རྒྱུ།

༣། གོང་ཚེས་རྗེས་ཀྱི་འོས་འཕེན་པ་རང་ལོ་ ༡༨ ཧྲིལ་པོ་གསར་དུ་ལོན་རིགས་རྣམས་ ༢༠༢༡ ཟླ་ ༡ ཚེས་ ༢ བར་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༡༨ ནང་གསེས་ ༣ པའི་ ༼ག༽ པ་གཞིར་བཟུང་འོས་འཕེན་པའི་མིང་གཞུང་དེབ་འགོད་གནང་ཆོག་རྒྱུ། ཞེས་དང་།

གཞན་ཡང་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་གིས་གནད་དོན་གཉིས་པའི་ཐོག་གསུང་དོན། རྩ་བའི་བཅའ་ཁྲིམས་དོན་ཚན་ ༡༢ པའི་ནང་གསེས་གཉིས་པ་དགོངས་དོན། བོད་ཀྱི་ཆབ་འབངས་ཡིན་པར་སྨྲ་བརྗོད་དང་གཏམ་བརྗོད་རང་དབང་ཆ་ཚང་ཡོད་པ་བཅའ་ཁྲིམས་ནང་གཏན་འབེབས་ཡོད་པའི་གནད་དོན་ཞིག་རེད། འོན་ཀྱང་དངོས་ཡོད་ཀྱི་གནས་སྟངས་དང་མི་མཐུན་པའི་ད་ཆ་སྤྱི་ཚོགས་དྲ་ལམ་ཁག་ཏུ་གནད་དོན་འདྲ་མིན་མང་པོ་ཞིག་འདོན་གྱི་ཡོད་པར་བརྟེན་འོས་བསྡུ་ལས་ཁང་ནས་དེའི་རིགས་ལ་བྱ་ར་བྱེད་ཀྱི་ཡོད། ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༡ ཉིན་འཇམ་དབྱངས་ནོར་བུ་ཡིས་སྤྱི་ཚོགས་དྲ་རྒྱའི་ནང་སྤྱི་ཡོངས་ཀྱི་ཆ་ནས་གནད་དོན་མ་འགྲིག་པའི་ཐོག་ལ་གཏམ་བཤད་གནང་འདུག དབུས་འོས་བསྡུ་ལས་ཁང་དང་འབྲེལ་བའི་དོན་ཚན་གཉིས་ཀྱི་ཐོག་ལ་ཁོང་གིས་ཐལ་ཆ་ཆེ་བའི་གཏམ་བཤད་གནང་འདུག གལ་ཏེ་མ་མཁྱེན་པའི་ཐོག་ནས་བཤད་པ་ཡིན་ན་དེར་གསལ་བཤད་དང་མཁྱེན་པའི་ཐོག་ནས་ཞུ་ཡི་ཡོད་ན་འགག་ལན་ཡིན།

མདོར་བསྡུར་ན་ལོག་འགྲེལ་བྱས་པར་དབུས་འོས་བསྡུ་ལས་ཁང་ནས་ངོས་ལེན་རྩ་བ་ཉིད་ནས་མེད། བཅའ་ཁྲིམས་དོན་ཚན་ ༡༡ ནང་དོན་ལྟར་བོད་ཀྱི་ཆབ་འབངས་ཡིན་པར་འོས་ཤོག་འཕེན་ཆོག་པ་དང་། འོས་གཞི་ནང་ཞུགས་ཆོག་པའི་ཐོབ་ཐང་འདྲ་མཉམ་ཡོད། ཁོང་གི་བཤད་པ་རྣམས་དངོས་ཡོད་གནས་སྟངས་གང་ཡང་མེད་པ་རྫུན་གཏམ་ཡིན། དེའི་སྟེང་ལ་ཁོང་གིས་བོད་ཀྱི་རྒྱལ་དར་འཕྱར་མ་ཆོག་པའི་རྒྱུ་མཚན་བགྲངས་འདུག དེ་སྔ་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༥  ཉིན་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་དོན་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཐོག་མ་དེ་གནང་ཡོད། སྐབས་དེར་ཕྱི་ལོ་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་འོས་བསྡུ་ཆེན་མོའི་འོས་གཞིར་བཞེངས་མཁན་རྣམས་ལ་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་བྱེད་ཕྱོགས་ཀྱི་དོན་ཙན་བཅུ་གཉིས་ཅན་གྱི་རྩ་འཛིན་ལམ་སྟོན་ཞིག་འགྲེམས་སྤེལ་ཞུས་ཡོད། དེའི་དོན་ཚན་དང་པོར། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞིར་ཞུགས་མཁན་རྣམས་ཀྱིས་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་དྲིལ་བསྒྲགས་ཡིག་ཆའི་སྟེང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་རྟགས། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར། བོད་ཀྱི་ས་ཁྲ་སོགས་གང་དུའང་བེད་སྤྱོད་མི་ཆོག ཅེས་འཁོད་ཡོད། དེ་ལྟར་ཞུ་དགོས་དོན་ནི་རྒྱལ་ཁབ་ཀྱི་གནད་དོན་མ་མཚོན་པའི་ཆེད་རྩ་བ་ཉིད་ནས་མིན། རྨི་ལམ་ནང་དུའང་དེ་འདྲ་འཁོར་མི་སྲིད། འགྲེལ་བཤད་ལོག་པ་བརྒྱབ་འདུག དེ་རིགས་བདེ་སྤྱོད་བྱེད་མི་ཆོག་པ་ནི་བོད་མིར་ངོམ་རྒྱུ་ཡོད་པ་དང་བོད་མི་སྤྱིའི་གོང་བཀུར་ཡོད་ས་ཡིན་པས་དེ་དག་གི་མཚན་སྙན་སྲུང་སྐྱོབ་དང་གོང་བཀུར་ཞུ་ཆེད་དུ་ཡིན། ཞེས་སོགས་གསུངས་ནས་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྟེ་གསར་འགོད་གསལ་བསྒྲགས་གྲོལ་བ་བཅས། །