ཟླ་བ་ ༡༡ ཚེས ༢༠ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༠ རེས་གཟའ་པ་སངས། 

 

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༨ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་མི་རིགས་དང་ཆོས་ལུགས་འདྲ་མིན་གྱི་གཞོན་སྐྱེས་འགོ་ཁྲིད་ཚོགས་འདུ་ཐེངས་ ༡༥ དེ་བཞིན་དྲ་རྒྱ་བརྒྱུད་ཚོགས་ཡོད་པ་དང་། ལས་འགུལ་དེ་ནི་སྤྱི་དམངས་ནུས་སྟོབས་ཚོགས་པའི་ (Citizen Power Initiatives for China) འགན་འཛིན་ཡིང་ཅན་ལི་ལགས་ཀྱིས་ལོ་ངོ་བཅུ་ཕྲག་གཅིག་གི་གོང་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་འོག་འགོ་འཛུགས་གནང་བ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་གཙོ་བོ་ནི་མི་རིགས་དང་ཆོས་ལུགས། རིག་གཞུང་འདྲ་མིན་གྱི་སྐུ་ཚབ་དབར་ཕན་ཚུན་བསམ་ཤེས་ནུས་པ་གོང་སྤེལ་དང་། བརྩི་བཀུར་སོགས་གོང་མཐོར་གཏོང་རྒྱུ་དེ་ཡིན།

བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས། ཚོགས་འདུ་དབུ་འབྱེད་སྐབས་རྒྱ་ནག་དམར་ཤོག་གཞུང་གིས་བོད་མི་ཚུད་པའི་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་སོགས་ཀྱི་སྐོར་གསུངས།

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མར་ཤ་བྷི་ལག་སྦུན་ (Marsha Blackburn) མཆོག་དང་། ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཁི་རི་སི་སི་མིཐ་ (Chris Smith) མཆོག ཨ་རིའི་གྲོས་ཚོགས་ཀྱི་མཐུས་མི་སྐུ་ཞབས་ཊི་ཌི་ཡོ་ཧོ་ (Ted Yoho) མཆོག་བཅས་ཀྱིས་ཚོགས་འདུར་མཉམ་ཞུགས་གནང་མཁན་ཡོངས་ལ་འཚམས་འདྲི་གནང་ཡོད།  དེ་རྗེས་ཆེད་མཁས་པ་ཁག་གཅིག་གིས་རྒྱ་ནག་དང་ལྷན་དུ་ཁེ་ན་ཌ་དང་། རྒྱ་གར། ཉི་ཧོང་། ཡུ་རོབ། ཨིན་ཡུལ་བཅས་ཀྱི་འབྲེལ་ལམ་སོགས་ཀྱིས་གཙོས་བརྗོད་གཞི་འདྲ་མིན་ཐོག་གསུང་བཤད་གནང་ཡོད།
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས། རྒྱ་ནག་གིི་དབང་སྒྱུར་འོག་འདས་པའི་ལོ་ངོ་ ༦༠ ནང་བོད་མི་རྣམས་ནས་མྱངས་པའི་དཀའ་སྡུག་དང་། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་བྱུས་སྐོར་ངོ་སྤྲོད་གནང་ཡོད། ཐེངས་འདིའི་ཚོགས་འདུའི་སྟེང་བྱང་ཨ་རིའི་བོད་མི་གཞོན་སྐྱེས་ཁག་གཅིག་ཚུད་པའི་ཁྱོན་མི་གྲངས་ ༤༠ ལྷག་མཉམ་ཞུགས་གནང་ཡོད་པ་བཅས།།