ཟླ་བ་ ༡༡ ཚེས ༢༠ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༠ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༩ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༣༤ པ་དེ་སྤེལ་ཡོད་པ་དང་། གསལ་བསྒྲགས་ཞུ་མཁན་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ལས་བསྟན་འཛིན་སྒྲོལ་དཀར་ལགས་དང་། བོད་ལུགས་སྨན་པ་ཚེ་རིང་མཚམས་གཅོད་ལགས། ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་བཅས་ཡིན།

དང་པོ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ལས་བསྟན་འཛིན་སྒྲོལ་དཀར་ལགས་ཀྱིས་མི་མང་ལ་ལམ་སྟོན་གནང་དོན། འདི་ལོོའི་ཕྱི་ཟླ་ ༣ ནས་བཟུང་ད་བར་རྒྱ་ནག་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ འདི་འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་གདལ་ཆེ་ཆེར་ཕྱིན་ཏེ་གནས་ཡུལ་རྒྱལ་ཁབ་རྒྱ་གར་ནང་མཚོན་ན་ཉེ་བའི་ཆར་ཆོས་ཕྱོགས་ཀྱི་དུས་ཆེན་དང་། ལྷག་པར་གནམ་གཤིས་འགྱུར་ལྡོག་གི་རྐྱེན་པས་མང་ཚོགས་ནང་ནད་གཞི་ཕོག་པའི་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད་པས་མི་མང་ནས་ད་ལྟའི་ཆར་དམིགས་བསལ་གཟབ་གཟབ་དང་སྔོན་འགོག་ལ་འཐུས་ཤོར་མེད་པ་གནང་གལ་ཆེ་ཞིང་། འདས་པའི་ཟླ་བ་བརྒྱད་ཙམ་རིང་ང་ཚོས་གང་ཐུབ་གཟབ་གཟབ་གནང་ཡོད་ཀྱང་ད་དུང་ཟླ་བ་འགའ་ཤས་ཏེ་སྔོན་འགོག་སྨན་ཁབ་མ་ཐོན་བར་མུ་མཐུད་གནང་གལ་ཆེ་བའི་རེ་སྐུལ་ཞུས།

ང་ཚོའི་སྤྱི་ཚོགས་ནང་ད་དུང་སྐྱེས་སྐར་འདུ་འཛོམས་དང་། དོན་མེད་འགྲུལ་བཞུད་དང་འདུ་འཛོམས་གནང་རིགས་བྱུང་བཞིན་འདུག་པས་ནད་ཡམས་ཀྱི་ཉེན་ཁ་དེ་མ་རླག་པར་ད་དུང་ཡོད་པ་ལས་ལྷག་ཛ་དྲག་ཏུ་འགྲོ་ཉེན་ཡོད་ན། ཚང་མས་གཟབ་གཟབ་གནང་རོགས། དམིགས་བསལ་ད་ཆ་ནམ་དུས་དགུན་ཁ་གནམ་གཤིས་གྲང་ངར་ཆེ་བས་མི་མང་པོ་ནང་དུ་འདུ་འཛོམས་གནང་བས་ཁང་པའི་རླུང་འགྲོ་ཡག་པོ་མེད་རྐྱེན་ནད་འགོས་ཁྱབ་ཉེན་ཁ་ཆེ་བ་ཡོད་ན། གནས་སྐབས་སྐྱེས་སྐར་གཏོང་རྒྱུ་དང་། དེ་བཞིན་འདུ་འཛོམས་གནང་རྒྱུའི་རིགས་མ་གནང་རོགས་ཅེས་འབོད་སྐུལ་ཞུས།

གཞན་ཡང་དེང་སང་ཕྱི་ནས་ཕེབས་མཁན་གྲངས་མང་དུ་འགྲོ་བཞིན་འདུག་པས་ཕྱི་ནས་ཕེབས་མཁན་རྣམས་ནས་ཀྱང་ལམ་བར་ལ་སྔོན་འགོག་ཐབས་ལམ་གང་གཟབ་བསྟེན་དགོས་པ་དང་། ས་གནས་སུ་འབྱོར་སྐབས་འགོག་དབྱེ་ཟུར་འཇོག་ཁང་དུ་ནན་ཏན་བཞུགས་རོགས་གནང་། གལ་ཏེ་རང་ཉིད་ལ་ཆམས་རིམས་ཀྱི་ནད་རྟགས་སོགས་མངོན་ཚེ་ས་གནས་ས་ཐོག་ལ་འཕྲོད་བསྟེན་སྨན་ཁང་ཡོད་པས་ཕྱི་ལུགས་དང་བོད་ལུགས་སྨན་པར་འབྲེལ་གཏུག་གནང་རོགས།

ཕྱོགས་མཚུངས་ཉེ་བའི་ཆར་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་སྨན་ཁབ་ཐོན་ལ་ཉེ་བའི་གསར་འགྱུར་ཐོན་ཡོད་ན། སྨན་ཁབ་དེ་ཚོ་ཡིན་ནའང་ད་ཆ་ཉམས་ཞིབ་མཐའ་མཇུག་སྒྲིལ་རྒྱུ་དང་། དེ་ནས་གཞུང་འཛིན་གྱིས་བཀའ་འཁྲོལ་དང་བགོ་འགྲེམས་སྒྲིག་གཞི་ལས་རིམ་མང་དག་ཅིག་འགྲོ་དགོས་ཀྱིས་སྟབས་དུས་ཚོད་འགོར་གྱི་ཡོད་ན་མང་ཚོགས་ནས་ད་ཆ་ཏོག་དབྱིབས་གཉན་རིམས་སྔོན་འགོག་སྨན་ཁབ་ཐོན་ཡོད་པ་རེད། དེ་ང་ཚོ་ལ་མགྱོགས་པོ་ཐོབ་ཀྱི་རེད། སྨན་ཁབ་དེ་བརྒྱག་ན་ནད་གཞི་འདི་ཕོག་གི་མ་རེད་ཅེས་བསམ་བཞིན་ལྷོད་གཡེང་མ་གནང་རོགས། ད་ཆ་སྔོན་འགོག་སྨན་ཁབ་དེ་ཉམས་ཞིབ་བཟོ་བསྐྲུན་ཞུ་བའི་དུས་ཚོད་དེ་རི་འཛེག་པར་ཐོག་མར་རི་གཤམ་ལ་གྲ་སྒྲིག་གི་རྣམ་པ་གྲུབ་པ་ལྟ་བུ་ཡིན་པས་རི་རྩེར་སླེབ་རྒྱུར་ད་དུང་ཁྲིམས་སྒྲིག་འགྲོ་ལུགས་མང་དག་ཡོད་ན་ཚང་མས་སྔོན་ཁབ་ལ་རེ་སྒུག་མ་གནང་བར་སོ་སོའི་ངོས་ནས་གནང་ཐུབ་རྒྱུ་སྔོན་འགོག་ཐབས་ལམ་ཁ་རས་གྱོན་རྒྱུ། མིའི་དབར་རྒྱང་ཐག་འཇོག་རྒྱུ། མི་མང་འདུ་འཛོམས་དང་དོན་མེད་ཕྱིར་འགྲུལ་བཞུད་རིགས་འཛེམས་པ་དང་ལག་པ་ཡང་སེ་འཁྲུ་བ་སོགས་མུ་མཐུད་ནས་གནང་གལ་ཆེ་བ་ཡིན།

གཞན་ཡང་ལས་ཀ་ལས་ཡུལ་དང་། སློབ་གྲྭ། ཚོགས་པ་ཆེ་ཁག་ནང་ཁང་པའི་རླུང་འགྲོ་ཡག་པོ་དགོས་པ་དང་། གསང་སྤྱོད་དང་དེ་བཞིན་ལས་མི་སློབ་ཕྲུག་འདུ་འཛོམས་ཆེ་སར་དུག་སེལ་གནང་རྒྱུ་ཤིན་ཏུ་གལ་ཆེ་བ་ཡིན་པས་འབྲེལ་ཡོད་ནས་དེ་དོན་ལྷོད་མེད་གནང་དགོས་པའི་ལམ་སྟོན་གནང་།   

གཉིས་པ། ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་གྲུབ་ཐོན་མདོར་བསྡུས་ཞུས་དོན། འདས་པའི་བདུན་ཕྲག་ནང་ཁྱོན་བོད་མི་གྲངས་ ༡༡༦༦ ༼རང་ཁྱིམ། ༦༧༩ སྒྲིག་འཛུགས་ནས་མཐུན་འགྱུར་སྦྱར་བའི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༤༨༧༽ ཙམ་འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད་པ་དང་། འདས་པའི་བདུན་ཕྲག་ནང་འགོག་དབྱེ་ཟུར་བཀག་ཐོག་བཞུགས་པའི་མི་གྲངས་ ༢༤༨ ལ་གསོ་རིག་ལུས་སེམས་ནུས་གསོའི་སྨན་འགྲེམས་སྤེལ་ཞུས། ད་བར་ཁྱོན་བསྡོམས་བོད་མི་གྲངས་ ༢༢༢༠༣ ལ་གསོ་རིག་ལུས་སེམས་ནུས་གསོའི་སྨན་བགོ་འགྲེམས་གནང་ཟིན། སེམས་ཁམས་འཕྲོད་བསྟེན་དང་འབྲེལ་འདས་པའི་བདུན་ཕྲག་ནང་ནད་གཞི་ཕོག་པའི་མི་གྲངས་ ༧༠ ལ་ཁ་པར་ཐོག་འབྲེལ་བ་གནང་བ་བརྒྱུད་སེམས་ཁམས་འཕྲོད་བསྟེན་ཐོག་སློབ་གསོ་ལམ་སྟོན་གནང་བ་དང་། ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་ས་གནས་སུ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་བྱེད་བཞིན་ཡོད་པས། འདས་པའི་བདུན་ཕྲག་གཅིག་ནང་རྒྱ་གར་ནང་གི་ས་གནས་གྲངས་ ༧ ནང་ཁྱོན་མི་གྲངས་ ༨༨༠ ལ་བརྟག་དཔྱད་གནང་ཡོད་པ་དང་། བལ་ཡུལ་ནང་གི་ས་གནས་གྲངས་ ༡ ནང་ཁྱོན་མི་གྲངས་ ༣ ལ་བརྟག་དཔྱད་གནང་ཡོད། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ལམ་སྟོན་གནང་བ་བཞིན་བོད་མིའི་འདུ་སྡོད་ས་གནས་གཞིས་ཆགས་ཁག་ལ་ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་ས་གནས་སྨན་ཁང་གིས་གཙོས་མི་མང་འདུ་འཛོམས་ཆེ་སར་དུག་སེལ་གནང་རྒྱུ་དང་། དེ་བཞིན་ནད་གཞི་ཕོག་པའི་ས་ཁུལ་དུ་དུག་སེལ་གནང་རྒྱུ་མཚོན་ཛ་དྲག་ཚོགས་ཆུང་གི་ཚོགས་འདུ་དུས་ཐོག་བསྐོང་ཚོགས་ཐོག་ལས་དོན་མུ་མཐུད་འགྲོ་བཞིན་པའི་གནས་ཚུལ་ཞུ། 

གཉིས་པ།  བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གནས་སྟངས་ཇི་ཆགས་ཐད་འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་དང་བལ་ཡུལ་ནང་གི་བོད་མིའི་གཞིས་ཆགས་ཏུ་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ ༦༥ བྱུང་། ཞིབ་ཕྲ་ནི། ལ་དྭགས་ཁུལ་ནས་མི་གྲངས། ༡༧ ལྡི་ལི་ཁུལ་ནས་མི་གྲངས། ༡ གླིང་ཚང་གཞིས་ཆགས་ནས་མི་གྲངས། ༡ མོན་གྷོ་གཞིས་ཆགས་ནས་མི་གྲངས།་༡༣ ཅོན་ཏཱ་རཱ་ཁུལ་ནས་མི་གྲངས། ༤ ཧོན་སུར་གཞིས་ཆགས་ནས་མི་གྲངས། ༢ རྡ་རམ་སཱ་ལཱ་ནས་མི་གྲངས།་༧ པོན་ཊ་གཞིས་ཆགས་ནས་མི་གྲངས། ༡ པུ་རུ་ཝ་བ་ལ་གཞིས་ཆགས་ནས་མི་གྲངས། ༣ བདེ་སྐྱིད་གླིང་གཞིས་ཆགས་ནས་མི་གྲངས། ༢ ཀེལ་མན་ཊོན་གཞིས་ཆགས་ནས་མི་གྲངས། ༡ ལ་ཁན་ཝཱ་ལ་ནས་མི་གྲངས། ༡ སྦེལ་ཀོབ་གཞིས་ཆགས་ནས་མི་གྲངས། ༤ བཅས་རྒྱ་གར་ནང་མི་གྲངས་ ༥༧ བྱུང་ཡོད་པ་དང་བལ་ཡུལ་ཀཐ་མན་ཌུ་ཁུལ་ནས་མི་གྲངས་ ༨ བཅས་ཁྱོན་མི་གྲངས་ ༦༥ བྱུང་བ་ནང་ནས་སྐྱེས་པ་གྲངས་ ༤༥ དང་། བུད་མེད་གྲངས་ ༢༠ དགུང་ན་མཐོ་ཤོས་དེ་ ༨༨ དང་ཆུང་ཤོས་དེ་ལོ་ ༡༢ ཡིན་པ་རེད།

དེའི་ནང་ནས་ནད་རྟགས་ཅུང་མངོན་པ་མི་གྲངས་ ༣༠ དང་། ནད་རྟགས་མེད་པ་མི་གྲངས། ༣༥ ཡིད་སྐྱོའི་གནས་ཚུལ་ཞིག་ལ་འདས་པའི་བདུན་ཕྲག་ནང་མོན་གྷོ་གཞིས་ཆགས་ནས་སྐྱེས་པ་རང་ལོ་ ༦༡ སོན་པ་ཁྲག་ཤེད་དང་གཅིན་སྙིའི་ནད་གཞི་སྡོངས་པའི་ནད་པ་གཅིག་དང་། ལ་དྭགས་ཁུལ་ནས་སྐྱེས་པ་རང་ལོ་ ༨༦ སོན་པ་གཅིག་བཅས་མི་གྲངས་གཉིས་འདས་གྲོངས་སོང་ཡོད། ད་བར་རྒྱ་གར་དང་བལ་ཡུལ་ནང་ཁྱོན་བོད་མི་ནད་གཞི་ཕོག་པ་གྲངས་ ༡༢༣༠ དྲག་སྐྱེད་བྱུང་བ་མི་གྲངས། ༩༡༦ འདས་གྲོངས་སོང་བ་མི་གྲངས། ༢༩ ད་ལྟ་ནད་མནར་བཞིན་པ་མི་གྲངས། ༢༨༥ བཅས་བྱུང་ཡོད། ནད་གཞི་ཕོག་པ་རྣམས་ས་གནས་ཛ་དྲག་ཚོགས་ཆུང་དང་དེ་བཞིན་ཚོགས་པ་གྲྭ་ཚང་དང་སློབ་དགེ་རྣམས་ཀྱི་ལམ་སྟོན་འོག་ཟུར་བཀག་ཐོག་བཞུགས་ཡོད་པ་དང་། ནད་གཞི་ཕོག་པ་དང་འབྲེལ་ཐུག་བྱུང་བའི་མི་རྣམས་ཀྱང་ཉིན་གྲངས་ ༡༤ རིང་ཟུར་བཀག་ཐོག་བཞུགས་ཡོད་པའི་གནས་ཚུལ་ཞུ།  

གསུམ་པ། མི་མང་ལ་ཐུགས་སྣང་ལམ་སྟོན་ཞུ་རྒྱུ་གཙོ་བོ་ནི། ད་ཆ་འཛམ་གླིང་ཁྱོན་ཡོངས་ནང་ནད་གཞི་ཕོག་པ་གྲངས་ས་ཡ་ ༥༥ ལྷག་བརྒལ་ཡོད་པ་དང་། འདས་པའི་བདུན་ཕྲག་གཅིག་གཉིས་ནང་ཨ་རིར་ནད་གཞི་ཕོག་པའི་གྲངས་ཇེ་མང་དུ་སོང་ནས་ད་ཉིན་བར་ས་ཡ་ ༡༡ ལྷག་བརྒལ་བའི་གནས་སྟངས་དང་། རྒྱ་གར་ནང་དུའང་ད་ཆ་ཉིན་རེར་ནད་གཞི་ཕོག་པའི་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད། དེ་བཞིན་ཡུ་རོབ་ནང་གི་རྒྱལ་ཁབ་སུད་སི་དང་སྦེལ་ཇམ། སི་པན་དང་ཧྥ་རན་སི། ཨིན་ཡུལ་བཅས་ནང་ནད་གཞི་ཕོག་པའི་གྲངས་ཇེ་མང་དུ་སོང་རྐྱེན་སླར་སྒོ་རྒྱ་བསྡམས་དགོས་པའི་གནས་སྟངས་དེ་འདྲ་བྱུང་ཡོད་ན། བོད་མི་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བཞུགས་མཁན་རྣམས་ནས་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་ལམ་སྟོན་ལྟར་མུ་མཐུད་ནས་སྔོན་འགོག་ཐབས་ལམ་བསྟེན་ཐོག་ཐུགས་སྣང་གང་གཟབ་གནང་རོགས་ཞེས་ཞུ།

རྒྱ་གར་ལྟ་བུ་ཡིན་ན་ཐོག་མར་སྒོ་རྒྱ་བསྡམས་པའི་སྐབས་སུ་མང་ཚོགས་ནས་སྔོན་འགོག་ཐབས་ལམ་བསྟེན་པ་དང་། རང་ཁྱིམ་དུ་གཟབ་ནན་བཞུགས་གནང་ཡོད་ཀྱང་ད་ཆ་སྒོ་རྒྱ་རིམ་པ་ཕྱེ་བ་དང་བསྟུན་འགྲུལ་བཞུད་དང་འདུ་འཛོམས་ཆོག་མཆན་སོགས་གུ་ཡངས་གནང་ཡོད་ཀྱང་མི་མང་ནས་རང་དོན་རང་གཅེེས་ཀྱིས་སྔོན་འགོག་ཐབས་ལམ་རྣམས་མུ་མཐུད་ནས་བསྟེན་གལ་ཆེ་བ་ཡིན། ཚོགས་པ་སྒྲིག་འཛུགས་གང་དུ་ཡང་གལ་ཏེ་སུ་ཞིག་ལ་ཆམས་ཚད་སོགས་ནད་རྟགས་མངོན་ཚེ་འཛིན་སྐྱོང་འགོ་ལས་ལ་ཞུས་ནས་རང་ཉིད་ཟུར་བཀག་ཐོག་བཞུགས་ནས་སྨན་བཅོས་གནང་གལ་ཆེ། དེ་མིན་ནད་རྟགས་ཡོད་བཞིན་ལས་བཅར་ཞུས་པ་སོགས་གནང་ན་དེས་ཚོགས་པ་སྒྲིག་འཛུགས་ཀྱི་མི་གཞན་ལ་ནད་འགོས་ཉེན་ཆེ་བ་དང་། དེ་བརྒྱུད་ནད་ཡམས་ཁྱབ་གདལ་ཉེན་ཁ་ཆེ་བས་དེར་མང་ཚོགས་ནས་དགོངས་པ་བཞེས་གལ་ཆེ།

ནད་གཞི་སྔོན་འགོག་དང་འབྲེལ་བོད་མིའི་སྒྲིག་འཛུགས་དང་བོད་ཀྱི་སྨན་རྩིས་ཁང་ནས་ལུས་སེམས་ནུས་གསོའི་སྨན་མཐུན་འགྱུར་སྦྱོར་སྤྲོད་གནང་ཡོད། སྨན་དེ་ཚོ་ཡིན་ནའང་ས་གནས་ས་ཐོག་གི་སྨན་པ་དང་འབྲེལ་ཡོད་ལས་མི་ལ་བཀའ་འདྲི་ཞུས་ཏེ་སྨན་བསྟེན་གལ་ཆེ། ནད་པར་འབྲེལ་གཏུག་བྱུང་བ་དང་འབྲེལ་བྱིས་པ་ཆུང་ཆུང་དམིགས་བསལ་ནད་རྟགས་མེད་པ་རྣམས་ལ་སྨན་སྒྲུབ་མ་ཎི་རིལ་བུ་དང་བདུད་རྩིས་ཆོས་སྨན་བསྟེན་པ། ཡང་བྱིས་པ་ལོ་ ༤ ནས་ ༨ བར་ཡིན་ཚེ་སྨན་ཐུན་དེའི་ཕྱེད་ཀ་བསྟེན་དགོས་པའི་ལམ་སྟོན་ཞུས་པ་དང་། དེ་བཞིན་བོད་ཀྱི་གསོ་བ་རིག་པའི་གཞུང་ནས་རིམས་སྲུང་རིལ་བུ་ཞེས་ད་ལྟའི་གཉན་རིམས་འདི་ལྟ་བུར་སྲུང་བ་བྱེད་ཐུབ་པའི་ནག་པོ་དགུ་སྦྱོར་ལྟ་བུ་ཡིན་ན་སྨན་རྫས་སྣ་དགུ་དང་། དེར་ལྷ་དགུ་བསྐྱེད་པ་དང་། དེ་ལས་སྔགས་མི་འདྲ་དགུ དེ་ཆ་ཚང་སྒྲུབ་རྗེས་རབ་གནས་བྱས་ཏེ་གང་ལྟར་ཀླུ་གདོན་གཉན་དུག་དང་རིམས་ནད་མང་པོ་སྲུང་ཐུབ་པ་གསོ་རིག་སྨན་གྱི་ལོ་རྒྱུས་ནང་དུས་རབས་བརྒྱད་པ་ཙམ་ནས་བསྟན་ཡོད་པ་དང་། དངོས་སུ་ལག་བསྟར་གནང་ནས་ནད་ཡམས་སྔོན་འགོག་ལ་ཕན་ཐོགས་དངོས་སུ་བྱུང་ཡོད་ན། ད་ལན་ནད་ཡམས་ཁྱབ་གདལ་གྱི་དུས་ཚོད་འདིའི་དུས་སུ་རིམས་སྲུང་རིལ་བུ་སོགས་སྲུང་བ་བཅངས་དགོས་པ་རྣམས་བཅངས་གལ་ཆེ་བ་ཡིན།

གཞན་ཡང་གསོ་བཅོས་དང་འབྲེལ་ས་གནས་སོ་སོར་སྨན་པས་ནད་པའི་ཁམས་བསྟུན་གནང་བཞིན་ཡོད་པ་དང་། གལ་གནད་ཆེ་བ་གཅིག་ལ་ད་ལྟའི་གཉན་རིམས་འདིར་གཉན་ཚད་རླུང་གསུམ་གཞིར་བཞག་པའི་ཐོག་གསོ་བཅོས་གནང་གལ་ཆེ་བས་ཐོག་མར་ཚ་བ་མ་སྨིན་པའི་དུས་སུ་གྲང་ཤུར་རྒྱག་པ་དང་། ལུས་སྙོམ་པ་དང་ཁ་ཟས་དངས་ག་མེད་པ་སོགས་ནད་རྟགས་མངོན་སྐབས་སྤྱོད་ལམ་བསིལ་ལ་ཡང་བ་སྟེ་འཁྱག་ཆུ་འཐུང་བ་དང་། ཆུང་གྲང་མོའི་གཟུགས་པོ་འཁྲུ་བ་སོགས་གནང་ན། དེས་ནང་གི་ཚ་བ་སྨིན་མ་ཐུབ་པས་ནད་ཡུན་རིང་བ་དང་། ནད་ཚབས་ཆེ་རུ་འགྲོ་ཉེན་ཡོད་ན། དེ་སྐབས་དྲོ་བཅུད་ལྡན་པའི་ཟས་སྤྱོད་དཔེར་ན་ཆུ་སྐོལ་དང་སྨན་ཐང་རིགས། དེ་མིན་འབྲས་ཐུག་དང་རྩམ་ཐུག་གྲོ་ཆག་ཐུག་པ། ཤ་རུས་ཁུ་བ། སྔོ་ཚལ་ཁུ་བ་སོགས་དྲོད་བཅུད་ཀྱི་ཟས་སྐོམ་བསྟེན་ཞིང་ལུས་ལ་མལ་ཆས་དྲོ་བོ་གྱོན་ནས་དྲོད་གཏུམ་བརྒྱབ་ནས་ཚ་བ་དེ་ཕྱིར་ཐོན་ཐབས་གནང་དགོས།

དེ་ལྟར་བྱས་པས་ལུས་ནས་རྔུལ་དབྱུང་མཚམས་ཚ་བ་ཕྱིར་ཐོན་པའི་རྟགས་ཡིན་པས་དེས་ཚད་པ་ཞི་བས་ལུས་ཁམས་བདེ་རུ་འགྲོ་ངེས་ཡིན། དེ་མིན་ཚ་བ་ཕྱིར་མ་ཐོན་པས་ལུས་ལ་ཚ་བ་ལྷག་མ་ལུས་ནས་ཚད་རྙིང་དུ་འགྱུར་ཚེ་མ་འོངས་པར་ནད་གཞན་སློང་རྐྱེན་བྱེད་སྲིད་པས་གཉན་རིམས་ཕོག་པའི་སྐབས་སུ་ཚད་པ་གསོ་དགོས་པ་ཤིན་ཏུ་གལ་ཆེ་བས། འབྲེལ་ཡོད་ནས་ས་གནས་སྨན་པར་བསྟེན་གཏུག་གིས་གསོ་བཅོས་དུས་ཐོག་གཙང་སེལ་གནང་གལ་ཆེ་བ་ཡིན། ད་ལྟའི་ཆར་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་དང་། དེ་བཞིན་ཕྱི་རྒྱལ་ལ་བཞུགས་པའི་བོད་མི་སྐུ་ན་བགྲེས་པ་མང་པོའི་སེམས་ནང་ནད་ཡམས་འདི་དང་འབྲེལ་བའི་གསར་འགྱུར་དང་དངོས་མཐོང་མང་པོ་བྱུང་བ་ལས་སེམས་ནང་ཞེད་སྣང་དང་དངངས་ཚབ་མང་པོ་སྐྱེས་ནས་བཞུགས་ཡོད་པ་རྣམས་ནས་ད་ལན་ནད་ཡམས་ཁྱབ་གདལ་སྐབས་སུ་སེམས་ཁམས་འཕྲོད་བསྟེན་དང་། ལྷག་པར་བསམ་བློ་བཟང་ཕྱོགས་ནས་གཏོང་དགོས་པའི་སློབ་གསོ་ལམ་སྟོན་མང་དག་ཅིག་བོད་ཀྱི་བླ་མ་བླ་ཆེན་དང་དགེ་བཤེས་རྣམས་ནས་དེ་སྔ་ཕྱི་ཟླ་ ༣་་༤ ནང་བོད་ཀྱི་བརྙན་འཕྲིན་བརྒྱུད་འདོན་སྤེལ་གནང་ཡོད་པ་དང་།

ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་ཉེ་བའི་གསུང་ཆོས་རིམ་པ་གནང་བའི་ནང་ནད་ཡམས་ཁྱབ་གདལ་གྱི་དུས་ཚོད་འདིར་སེམས་ཞུམ་ནས་མ་སྡོད་པར་སྙིང་སྟོབས་སྐྱེ་དགོས་པ་དང་། བཟང་ཕྱོགས་ཀྱི་བསམ་བློ་གཏོང་དགོས་པའི་ཐུགས་བརྩེའི་བཀའ་སློབ་གནང་ཡོད་པ་རྣམས་བརྙན་འཕྲིན་དང་དྲ་རྒྱའི་ཐོག་གསན་གཟིགས་གནང་རྒྱུ་ཡོད་པས་ཚང་མས་ནད་ཡམས་ཁྱབ་གདལ་གྱི་དུས་ཚོད་འདིར་སེམས་གུ་ཡངས་ཞུམ་པ་མེད་པ་སྙིང་སྟོབས་ཆེན་པོའི་ངང་གནས་བཞུགས་གནང་རྒྱུ་ཤིན་ཏུ་གལ་ཆེ། དེ་མིན་སེམས་ནང་ཞེད་སྣང་དངངས་སྐྲག་རྐྱེན་པས་གཉིད་མ་ཁུག་པ་དང་། ཟས་ཀྱི་དངས་ག་འགག་པ། སྙིང་གཡུག་པ་དང་བྲང་གདམ་པ། ལྷག་པར་རང་ཉིད་ལ་ཁྲག་ཤེད་དང་གཅིན་སྙི། སྙིང་གི་ནད་གཞི་རིགས་ཡོད་ཚེ་ནད་རྙིང་དེ་ཚོ་ལྡང་ཉེན་ཆེ་བས་སེམས་ནང་ཞེད་སྣང་དང་དངངས་ཚབ་མ་སྐྱེས་བར་སོ་སོའི་ངོས་ནས་སྔོན་འགོག་ཐབས་ལམ་བསྟེན་ཞིང་སེམས་གུ་ཡངས་དང་བཟང་ཕྱོགས་ནས་བསམ་བློ་གཏོང་རྒྱུ་ཤིན་ཏུ་གལ་ཆེ་བའི་ལམ་སྟོན་གནང་། 

དེ་རྗེས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ལམ་སྟོན་གནང་དོན། འདས་པའི་བདུན་ཕྲག་ནང་འདི་ག་རྡ་ས་ཁུལ་དུ་ནད་གཞི་ཕོག་པ་མི་གྲངས་བདུན་ཙམ་བྱུང་ཁོངས་མི་གསུམ་འགོག་དབྱེ་ཟུར་འཇོག་ཁང་ནས་ཐོན་ཡོད་པ་དང་། གཞན་རྣམས་མང་ཚོགས་ནང་ནས་ཐོན་ཡོད་པས་ད་ཆ་འབྲེལ་གཏུག་རྩད་གཅོད་བྱས་པའི་ནང་འགོག་དབྱེ་ཟུར་འཇོག་ཁང་ནང་བཞུགས་མཁན་དང་འབྲེལ་བ་བྱུང་བ་མི་གྲངས་ཁ་ཤས་ལས་མེད་ཅིང་མང་ཚོགས་ནས་ཐོན་མཁན་རྣམས་དང་འབྲེལ་གཏུག་བྱུང་བའི་མི་མང་དག་ཅིག་ཆགས་ཀྱི་འདུག ལྷག་པར་ནད་གཞི་འདི་ལ་ནད་རྟགས་མེད་པ་མང་བའི་རྐྱེན་གྱིས་མང་ཚོགས་ནང་ནས་ནད་གཞི་ཕོག་པ་ཐོན་དུས་དེ་དང་འབྲེལ་བ་བྱུང་བའི་མི་གྲངས་ཤིན་ཏུ་མང་པོ་ཆགས་ཀྱི་འདུག་པས། འདི་ནས་སྔ་རྗེས་ལམ་སྟོན་ཞུས་པ་བཞིན་དོན་མེད་འགྲུལ་བཞུད་བྱེད་པ་དང་། མི་མང་འདུ་འཛོམས། དགའ་དགའ་སྤྲོ་སྐྱིད། མཛད་སྒོ་དང་ཚོགས་འདུ་རིགས་བསྐོང་ཚོགས་གནང་ཚེ་དེ་འདྲའི་ནང་ནས་ནད་གཞི་ཕོག་པ་འབྱུང་ཚེ་དེ་དང་འབྲེལ་བ་ཡོད་པའི་མི་གྲངས་མང་པོ་ཞིག་འབྲེལ་གཏུག་ནང་ཚུད་ཅིང་དེ་དག་ཚང་མའི་སེམས་ནང་དངངས་སྐྲག་དང་བརྟག་དཔྱད་བྱེད་འདོད་མེད་ཀྱང་བརྟག་དཔྱད་བྱེད་དགོས་པའི་གནས་སྟངས་དེ་འདྲ་ཡོང་དུས་ཚང་མས་འདུ་འཛིམས་རིགས་མ་གནང་རྒྱུ་དང་།

ལྷག་པར་ལས་ཁུངས་སོགས་ལས་ཡུལ་དང་ཡར་མར་འགྲུལ་བཞུད་སྐབས་ངེས་པར་ཁ་རས་གྱོན་པ་དང་། མིའི་དབར་རྒྱང་ཐག་འཇོག་པ་སོགས་ཐབས་ལམ་རྣམས་ངེསཔར་དུ་བསྟེན་དགོས་གལ་ཆེ། འབྲེལ་གཏུག་རྩད་གཅོད་དང་འབྲེལ་ནད་གཞི་ཕོག་པའི་མི་དེར་ནད་རྟགས་ཐོན་པའི་ཉིན་གྲངས་གཉིས་སྔོན་མི་སུ་དང་སུར་འབྲེལ་བ་བྱུང་ཡོད་པ་དང་གཅིག གཉིས་པ་དེ་ནད་གཞི་ཕོག་པའི་མི་དེ་དང་བར་ཐག་ཕི་ཊི་དྲུག་ལས་ཉུང་བ་དང་ཁ་རས་མ་གྱོན་པ། གསུམ་པ་དེ་ནད་གཞི་ཕོག་པའི་མི་དེ་དང་དུས་ཡུན་སྐར་མ་ ༡༥ ལས་མང་བ་མཉམ་དུ་བཞུགས་པ་སོགས་འབྲེལ་བ་བྱུང་བ་དེ་གསུམ་ནི་ནད་གཞི་ཕོག་པ་དང་འབྲེལ་གཏུག་བྱུང་བའི་ཉེན་ཚབས་ཆེ་བའི་ཁོངས་ཡིན་པ་རེད། དེར་བརྟེན་ཁ་རས་གྱོན་རྒྱུ་དང་མིའི་དབར་རྒྱང་ཐག་འཇོག་རྒྱུ། དོན་མེད་འགྲུལ་བཞུད་མ་བྱེད་པ་དེ་ཚོ་སྔོན་འགོག་ཐབས་ལམ་ཡག་ཤོས་ཤིག་ཡིན་པ་དེ་གསལ་པོ་ཡིན་པ་མང་ཚོགས་ནས་མཁྱེན་གལ་ཆེ།

གཞན་ཡང་འདི་ནས་ལམ་སྟོན་གནང་བ་ལྟར་གང་ཟག་སུ་ལའང་ཆམས་རིམས་ལྟ་བུའི་ནད་རྟགས་ཡོད་ཚེ་རང་ཁྱིམ་དུ་ཟུར་བཀག་ཐོག་བཞུགས་གལ་ཆེ། ལས་བྱེད་ལས་མི་ཡིན་ཡང་གོང་མར་སྙན་གསང་ཞུས་ཐོག་རང་ཁྱིམ་ལ་བཞུགས་ནས་གསོ་བཅོས་གནང་གལ་ཆེ། རང་ཁྱིམ་ལ་བཞུགས་པའི་སྐབས་སུ་ཁང་མིག་ལོགས་སུ་ཡོད་ན་ཁྱིམ་ཚང་བུ་ཕྲུག་གཞན་ལ་འགོས་ཉེན་ཆུང་བ་དང་། རང་ཉིད་ནས་ཁ་རས་གྱོན་པ་ཡིན་ན་ནང་མི་བུ་ཕྲུག་གཞན་ལ་འགོས་ཉེན་ཆུང་བས་དེའི་ཐོག་གཟབ་གཟབ་གནང་རོགས།

ཕྱོགས་མཚུངས་ད་ཆ་དགུན་དུས་སླེབ་བཞིན་པས་མང་པོ་ཞིག་ནང་དུ་ལྕགས་ཐབ་དང་གློག་ཐབ་བཏང་ནས་ཚ་དྲོད་ཁུག་དགོས་པས་ཁང་པའི་རླུང་འགྲོ་ཡག་པོ་མེད་ཚེ་ནད་གཞི་འགོས་ཉེན་ཆེན་པོ་ཡོད། ད་ལྟའི་དུས་ཚོད་འདིར་གལ་ཏེ་རང་ཁྱིམ་ནས་ལས་ཀ་གནང་ཐུབ་པ་ཡོད་ཚེ་རང་ཁྱིམ་ནས་ཕྱག་ལས་གནང་རྒྱུ། དེ་བཞིན་ཚོགས་འདུ་སོགས་དྲ་ཐོག་ནས་བསྐོང་ཚོགས་ཐུབ་ཐབས། སློབ་ཕྲུག་ཡིན་ན་དྲ་རྒྱ་ཡོད་ན་དྲ་ཐོག་ནས་སློབ་སྦྱོང་དང་། དྲ་རྒྱ་སོགས་མཐུན་རྐྱེན་མེད་པ་རྣམས་ལ་ཉེ་འཁོར་གྱི་སློབ་མ་རྒན་པ་དང་ཤེས་ཡོན་ཅན་རྣམས་ཀྱིས་སློབ་འཁྲིད་ལ་རོགས་ཕན་གནང་རོགས་ཅེས་རེ་སྐུལ་ཞུས།

གང་ལྟར་ནད་གཞི་འདིར་སྔོན་འགོག་སྨན་ཁབ་མ་ཐོབ་པར་སོ་སོའི་ངོས་ནས་སྔོན་འགོག་ཐབས་ལམ་རྣམས་ཟབ་ནན་བསྟེན་རྒྱུ་ཤིན་ཏུ་གལ་ཆེ་བ་སླར་ཡང་ནན་སྐུལ་ཞུས་པ་དང་སྦྲགས་གསར་འགོད་གསལ་བསྒྲགས་ཐེངས་ ༣༤ པ་དེ་མཇུག་སྒྲིལ་གནང་།།