གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༤ རེས་གཟའ་ལྷག་པ།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༣ ནས་ ༢༤ དང་། དེ་བཞིན་ཚེས་ ༣༠ ནས་ ༣༡ བར་སཾ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་བཅུའི་སྔོན་འགྲོ་དང་གཞི་རིམ་འོག་མའི་དགེ་རྒན་ཡོངས་ལ་དམིགས་ཏེ་ཤེས་ཡོན་གོ་རྟོགས་ (Inclusive Education Awareness) ཀྱི་ཟབ་སྦྱོང་ཞིག་དྲྭ་རྒྱ་བརྒྱུད་གོ་སྒྲིག་ཞུས་ཡོད།

དེ་ཡང་ཐེངས་འདིའི་དྲ་ཐོག་གི་ཟབ་སྦྱོང་གི་དགོས་དམིགས་གཙོ་བོ་ནི། སློབ་གྲྭའི་ནང་ཕྲུ་གུ་རྣམས་ཀྱིས་ཆ་ཤས་ལེན་སྐབས་སློབ་སྦྱོང་གི་དགོས་མཁོ་དང་ནུས་པ་མི་འདྲ་བར་བརྟེན། དགེ་རྒན་རྣམས་ཀྱིས་ཤེས་ཡོན་གཞི་ལ་བཞག་སྟེ། སློབ་གྲྭའི་ནང་སློབ་གཉེར་བྱེད་མཁན་སྣ་ཚོགས་ཡོད་པ་དང་དུ་ལེན་རྒྱུའི་གལ་གནད་དང་དགོས་དོན་གོ་རྟོགས་སླེབ་ཆེད་ཡིན་པ་དང་། ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་དགེ་རྒན་རྣམས་ཀྱིས་ཤེས་ཡོན་སྐོར་གོ་རྟོགས་དང་འགོག་རྐྱེན་གང་ཡོད་སྐོར་ལ་ཤེས་རྟོགས་བྱུང་ཡོད།

ནུས་པ་འདྲ་མིན་ལྡན་པའི་ཕྲུ་གུ་རྣམས་དང་ལེན་བྱས་ཏེ་ཁོང་ཚོ་དང་མཉམ་དུ་རྩེད་མོ་རྩེ་བ་དང་སློབ་གཉེར་བྱས་པ་སོགས། ཕྲུ་གུ་དང་ལྷན་འདྲིས་ཐབས་བྱས་ཏེ་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐུབ་ན། གོ་རྟོགས་དང་རིན་ཐང་སྤྲོད་རྒྱུའི་བསམ་བློ་གོང་འཕེལ་གཏོང་ཐུབ། བསམ་བློའི་གོ་རྟོགས་དེ་འདྲ་ཡོད་ན་དེས་ཕྲུ་གུ་དང་དང་། ཕ་མ། དགེ་རྒན། སློབ་གྲྭ་ཁག་ལ་ཕན་ཐོགས་ཡོད་པ་དང་། ལྷག་པར་དགོས་མཁོ་ཆེ་བའི་ཕྲུ་གུ་རྣམས་ལ་ཕན་ཐོགས་ཆེན་པོ་ཡོད་པ་མ་ཟད་ཡོངས་སྒྲིལ་ཤེས་ཡོན་དེ་ཇི་ཙམ་ཁྱབ་ཆེ་བ་འབྱུང་ན་དེ་ཚོད་ཀྱིས་ཡོངས་སྒྲིལ་སྤྱི་ཚོགས་ཤིག་བསྐྲུན་རྒྱུར་ཕན་ཐོགས་ཡོད་སྐོར་སོགས་ཀྱི་ཐོག་དྲྭ་རྒྱ་བརྒྱུད་ཟབ་སྦྱོང་ཚོགས་ཡོད།

ཟབ་སྦྱོང་དེ་བརྒྱུད་དགེ་རྒན་རྣམས་ལ་བསམ་ཚུལ་བརྗེ་ལེན་བྱེད་རྒྱུའི་སྡིངས་ཆ་ཞིག་བསྐྲུན་ཡོད་པ་དང་། ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་འོག་ཕ་མ་དང་དགེ་རྒན་དབར་མཉམ་ལས་ཡག་པོ་བྱུང་ཡོད་པའི་སྐོར་སོགས་ལ་གྲོས་བསྡུར་གནང་ཡོད།

དེ་སྔ་ཡིན་ན་ཤེས་རིག་ལས་ཁུངས་ནས་དེ་ལྟ་བུའི་ཟབ་སྦྱོང་ནང་སློབ་གྲྭ་གཅིག་ནས་མང་མཐའ་དགེ་རྒན་གཉིས་ལ་མཐུན་རྐྱེན་སྦྱོར་གྱི་ཡོད་ཀྱང་། ད་ལན་སློབ་གྲྭ་ཁག་བཅུ་ནས་ཁྱོན་སྔོན་འགྲོ་དང་གཞི་རིམ་འོག་མའི་དགེ་རྒན་ ༩༦ མཉམ་ཞུགས་གནང་ཡོད།

ཨ་རིའི་རོགས་ཚོགས་ (PRM) ནས་ཐེངས་འདིའི་ཟབ་སྦྱོང་ལ་དཔལ་འབྱོར་གྱི་མཐུན་འགྱུར་རོགས་རམ་གནང་བར་བོད་མིའིི་སྒྲིག་འཛུགས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་བཅས། །

  •  
  •  
  •  
  •  
  •