ཟླ་བ་ ༡༡ ཚེས ༢༣ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༣ རེས་གཟའ་ཟླ་བ།

༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་བྱེས་འཁོད་བོད་པའི་དགོན་སྡེ་ཁག་གི་བཤད་སྒྲུབ་ཀྱི་བྱ་བ་རྣམས་སྲ་བརྟན་ཡར་རྒྱས་ཡོང་ཐབས་སོགས་ལ་དམིགས་ཏེ། འཁོས་འབྱོར་ཞན་པ་དང་མཐའ་མཚམས་ས་ཁུལ་དུ་ཆགས་པའི་དགོན་སྡེ་ཁག་ཅིག་དང་། གཞན་དགོན་སྡེ་ཆུང་ཁག་བཅས་ཀྱི་དཔེ་འཁྲིད་དང་རིག་གནས་དགེ་རྒན་རྣམས་ལ་གླ་ཕོགས་དང་། འཚོ་སྣོན་སོགས་རོགས་སྐྱོར་ལས་གཞི་ཁག་ད་བར་སྤེལ་དང་སྤེལ་མུས་ཡོད་མ་པ་ཟད། ལེགས་གསོལ་མཚོན་བྱེད་ཟླ་རེར་གསོལ་ཕོགས་དོད་རེ་སྤྲོད་འབུལ་ཞུ་མུས་སུ་ཡོད་པ་ལྟར།

ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡ ནས་བཟུང་འདི་གའི་ཁྱབ་ཁོངས་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བོད་ཀྱི་ཆོས་སྡེ་ཁག་ནང་སློབ་འཁྲིད་གནང་བཞིན་པའི་དགེ་རྒན་གྲངས་ ༥༠༠ ཙམ་ལ་ལེགས་གསོལ་མཚོན་བྱེད་ལོ་གཅིག་རིང་ཟླ་རེར་སྒོར་ ༣༠༠༠ རེ་ཨི་ཊ་ལི་ནང་པའི་མཐུན་ཚོགས་ (Italy Buddhist Union, UBI) ནས་རོགས་དངུལ་མཐུན་འགྱུར་འོག་འགྲེམས་འབུལ་ཞུ་རྒྱུ་ཐག་གཅོད་བྱུང་བཞིན། དགོན་སྡེ་ཁག་ ༡༩༢ གི་གཞུང་ཆེན་དཔེ་འཁྲིད་དགེ་རྒན་དང་། དེ་བཞིན་སྒྲུབ་སྡེ་ཁག་གི་སྒོམ་འཁྲིད་དགེ་རྒན། དགོན་སློབ་ཁག་གི་གཞི་རིམ་ནང་རིག་དགེ་རྒན། དགོན་སྡེ་ཆུང་ཁག་གི་ཆོས་སྤྱོད་དཔེ་སློབ་དགེ་རྒན་བཅས་དགེ་རྒན་ ༤༩༦ ལ་ལེགས་གསོལ་ངོ་བོར་འགྲེམས་འབུལ་ཞུས་ཐུབ་ཡོད།

འདི་ལོ་ཡང་ཨི་ཊ་ལི་ནང་པའི་མཐུན་ཚོགས་ (UBI)  ནས་སླར་ཡང་ལས་གཞི་འདི་ཁོ་ནའི་ཆེད་ཡུ་རོ་འབུམ་གཉིས་དང་ཕྱེད་ཀ་རོགས་སྐྱོར་གནང་ཡོད་པས། བོད་མིའི་སྒྲིག་འཛུགས་སྤྱི་དང་། ལྷག་པར་ཆོས་རིག་ལས་ཁུངས་ནས་ཨི་ཊ་ལི་ནང་པའི་མཐུན་ཚོགས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། །

  •  
  •  
  •  
  •  
  •