ཟླ་བ་ ༡༡ ཚེས ༣༠ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༣༠ རེས་གཟའ་ཟླ་བ། 

༄༅། །ཕྱི་ལོ་ ༢༠༢༠ ལོ་འདི་བཞིན་བོད་མིའི་སྒྲིག་འཛུགས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པའི་ཆ་ཤས་སུ། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༤ ནས་བདུན་ཕྲག་གཅིག་ཙམ་རིང་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་སྟེ། འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་དང་། ཆོས་ལུགས་མཐུན་འབྲེལ། བོད་ཀྱི་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ། རྒྱ་གར་གནའ་རབས་ཀྱི་རིག་གཞུང་བསྐྱར་གསོ་བཅས་ཀྱི་སྐོར་དྲ་རྒྱ་བརྒྱུད་བགྲོ་གླེང་གོ་སྒྲིག་གནང་གཏན་འཁེལ་ཡོད།

དེ་ཡང་བགྲོ་གླེང་ཐོག་རྒྱལ་ཁབ་འདྲ་མིན་བཅུ་དགུའི་མཁས་དབང་དང་ཤེས་ཡོན་ཅན་གྲངས་ ༡༢༠ ནས་དྲ་བརྙན་བརྒྱུད་སྐད་རིགས་བཅོ་ལྔའི་ཐོག་གསུང་བཤད་གནང་རྒྱུ་ཡིན་པ་མ་ཟད། བོད་ཀྱི་ཆོས་བརྒྱུད་བླ་ཆེན་དབུ་ཁྲིད་རྣམ་པས་ཀྱང་བཀའ་སློབ་གནང་གཏན་འཁེལ་ཡོད། 

བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྐྱིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུ་འབྱེད་གསུང་བཤད་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ངོ་སྤྲོད་གསུང་བཤད་གནང་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པ་དང་ཕྱི་ནང་གི་མཁས་དབང་དང་ཤེས་ཡོན་ཅན་སོགས་ནས་ཐོག་གསུང་བཤད་གནང་རྒྱུ་ཡིན་ཞིང་།གསུང་བཤད་ལས་རིམ་ཡོངས་རྫོགས་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པའི་ངོ་དེབ་ (https://www.facebook.com/CTATIBETTV/) དང་ཡུ་ཌུབ་ (https://www.youtube.com/c/ctaonlinetv) བརྒྱུད་རྒྱང་སྲིང་ཞུ་རྒྱུ་ཡིན་པ་བཅས། །

  •  
  •  
  •  
  •  
  •