ཟླ་བ་ ༡༡ ཚེས ༡༦ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༦ རེས་གཟའ་ཟླ་བ། 

 

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༣ ཉིན་སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་ཇི་ནི་ཝའི་གླེང་སྟེགས་ཐེངས་གསུམ་པའི་ཉིན་མཐའ་མར་རྒྱ་ནག་དམར་ཤོག་ཚོགས་པས་ཆོས་ལུགས་དད་ལྡན་པ་ཚོའི་ཐོག་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པར་གདོང་ལེན་གནང་ཕྱོགས་སྐོར་གྱི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་ཡོད།  

དེ་ཡང་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ (Human Rights Watch) རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལྕམ་སྐུ་སོ་ཧྥེ་རི་ཆར་ཌི་སན་ (Sophie Rechardson) ལགས་ཀྱིས་གསུང་དོན།

ཆོས་ཉམས་ལེན་བྱེད་པ་ནི་མི་སྒེར་གྱི་ཐོབ་ཐང་ཡིན་པ་ལས་གཞུང་གིས་སྤྲོད་པའམ་འཁྱེར་རྒྱུ་ཞིག་མིན། ཞེས་དང་། རྒྱ་ནག་དམར་ཤོག་ཚོགས་པས་ཆོས་དད་རང་དབང་ཐོག་དམ་བསྒྲགས་དང་ཆོས་ཀྱི་བྱེད་སྒོ་ཁག་སྤེལ་འཇུག་གི་མེད་པ་མ་ཟད། དད་ལྡན་པ་ཚོས་རྒྱ་ནག་དམར་ཤོག་ཚོགས་པས་ཆོས་དད་རང་དབང་གི་སྐོར་འགྲེལ་བརྗོད་བྱས་པ་དེ་ལས་བརྒལ་ཏེ་ཆོས་ཀྱི་བྱེད་སྒོ་ཁག་སྤེལ་བ་ཡིན་ན་དད་ལྡན་པ་དེ་དག་ཁྲིམས་འགལ་ཡིན་པ་རྗོད་ཀྱི་ཡོད། རྒྱ་ནག་གཞུང་གིས་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནས་ཚུལ་ཁག་ལོ་རྒྱུས་སུ་ཐོ་འགོད་བྱས་ཏེ་དེའི་འགན་རྒྱ་ནག་གཞུང་ལ་འཁུར་འཇུག་དགོས། ཞེས་སོགས་གསུངས།

༢༠༠༠ གླེང་སྟེགས་ཐེབས་རྩའི་འགན་འཛིན་ཇ་ཀུབ་ཀི་ལེ་པལ་ (Jakup Klepal) ལགས་ཀྱིས། ཧོང་ཀོང་མི་མང་གི་མང་གཙོའི་འཐབ་རྩོད་དང་། རྒྱ་ནག་དམར་ཤོག་ཚོགས་པས་ཧོང་ཀོང་ནང་དམ་བསྒྲགས་བྱེད་བཞིན་པའི་སྐོར་གསུང་བ་དང་། དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་མཉམ་རུབ་ཐོག་རྒྱ་ནག་ཚུད་པའི་རྒྱལ་སྤྱིའི་ནང་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་མ་ཟད། མང་གཙོའི་རྒྱལ་ཁབ་ཁག་གིས་སོ་སོའི་རིན་ཐང་སྲུང་སྐྱོབ་དང་། དེ་བཞིན་ཐེ་ཝན་དང་། ཧོང་ཀོང་། བོད། ཡུ་གུར། རྒྱ་ནག་བཅས་ཀྱི་མི་རིགས་ཚོའི་མང་གཙོའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་དགོས་པའི་ལམ་སྟོན་དང་འབོད་སྐུལ་གནང་ཡོད། ཨིན་ཡུལ་གྱི་རྒྱལ་ས་ལོན་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཡི་ཤུའི་གདུང་སེམས་མཉམ་སྐྱེ་ཚོགས་པའི་ (Christian Solidarity Worldwide ) འགན་འཛིན་བྷན་ནེ་ཌིག་ཊི་ (Benedict Rogers) ལགས་ཀྱིས།

ཧོང་ཀོང་ནང་གི་ཡི་ཤུ་ཆོས་ལུགས་ཀྱི་རྗེས་འབྲང་བ་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གསུང་སྐབས། ཕྱི་ལོ་ ༡༩༨༩ ཟླ་ ༦ ཚེས་ ༤ རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་གནམ་བདེ་སྒོ་མོའི་ཐང་ཆེན་དུ་ (Tiananmen Square) སློབ་ཕྲུག་གཙོ་བོར་གྱུར་བའི་མང་གཙོ་དོན་གཉེར་བ་སྟོང་ཕྲག་མང་པོས་རྒྱ་ནག་དམར་ཤོག་གཞུང་ལ་ངོ་རྒོལ་བྱས་པའི་རྗེས་ཀྱི་ད་ལྟའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཇེ་ཞན་དུ་ཕྱིན་ཡོད་པའི་སྐོར་དང་། རིག་གནས་གསར་བརྗེ་བྱུང་བའི་རྗེས་ཀྱི་ད་ལྟའི་རྒྱ་ནག་ནང་གི་ཆོས་དད་རང་དབང་གི་གནས་སྟངས་ཆེས་ཇེ་སྡུག་ཏུ་ཕྱིན་ཡོད་པ་སོགས་ཀྱི་སྐོར་གསུང་བ་མ་ཟད། རྒྱ་ནག་གཞུང་གིས་དད་ལྡན་པ་ཚོའི་ཐོག་སྡུག་སྦྱོང་མནར་གཅོད་གཏོང་བཞིན་ཡོད་སྟབས་དེར་གདོང་ལེན་བྱེད་པར། རྒྱ་ནག་གི་ཆོས་ལུགས་ཀྱི་སྲིད་བྱུས་ཤེས་དགོས་པ་དང་། མཉམ་རུབ་ཀྱི་གདོང་ལེན། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དངོས་ཡོད་སྐོར་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་འགྲེལ་བརྗོད་གནང་དགོས་པའི་ཐབས་ལམ་གསུམ་གྱི་སྐོར་སོགས་གསུངས།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་པདྨ་ལགས་ཀྱིས། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། དེ་བཞིན་ཤེས་ཡོན་གྱི་ཚོགས་སྡེ་ཁག་མཉམ་རུབ་ཐོག་རྒྱ་ནག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་བྱེད་བཞིན་པར་གདོང་ལེན་གནང་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུངས། སུད་སིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ནི་ཀོ་ལ་སི་ (Nicolas Walder) མཆོག་གིས། ཧོང་ཀོང་དཔེ་མཚོན་དུ་བཞག་སྟེ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་གི་སྐོར་ཐུགས་འཚབ་གནང་བཞིན་པ་དང་། ང་ཚོའི་ངོས་ནས་སུད་སིའི་གཞུང་ལ་རྒྱ་ནག་དང་ལྷན་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་འགྲོ་བ་མིའི་ཐོབ་ཐང་གི་སྐོར་དོན་ཕན་གྱི་གྲོས་མོལ་གནང་ཡོད་ཅེས་པའི་གྲུབ་འབྲས་ཀྱི་སྙན་ཐོ་ཞིག་གནང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། ཅེས་སོགས་གསུངས།

བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། ཇི་ནི་ཝའི་གླེང་སྟེགས་ཐེངས་གསུམ་པའི་མཇུག་སྡོམ་གསུང་བཤད་གནང་སྐབས་གསུང་དོན། ཕྲན་རང་ཉིད་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ཁྲིམས་འཆར་མཇུག་སྐྱོང་ཡོང་བའི་རེ་བ་བཟང་པོ་ཞིག་ཡིད་ལ་བཅངས་ནས་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་ཉེན་ཁར་མ་འཛེམས་པར་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་གྱི་བསྟི་གནས་ལྡི་ལི་བརྒྱུད་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་གྱི་བསྟི་གནས་ཨ་རི་ལ་ཕྱོགས་སྐྱོད་བྱེད་བཞིན་ཡོད། ཅེས་དང་།

རྒྱ་ནག་གཞུང་དང་རྒྱ་ནག་གཞུང་གི་ལས་བྱེད་མི་སྣ་ཚོ་དང་ལྷན་གསང་རྒྱའི་ངང་འགྲོ་བ་མིའི་ཐོབ་ཐང་གི་ཐོག་ཚོགས་འདུ་འཚོགས་ནས་འཕེལ་རྒྱས་སུ་འགྲོ་ཀྱི་མེད་སྟབས། རྒྱ་ནག་གིས་དུམ་བུར་བགོས་ནས་དབང་སྒྱུར་བྱེད་བཞིན་པའི་སྲིད་བྱུས་ལ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། རྒྱལ་སྤྱིའི་མནའ་འབྲེལ་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཚོགས་འཐུས་མི། སྤྱི་དམངས་ཚོགས་སྡེ་ཁག  རྒྱ་ནག་གི་འོག་དཀའ་སྡུག་མྱོང་བཞིན་པའི་བོད་མི་དང་། ཡུ་གུར། སོག་པོ། ཧོང་ཀོང་། རྒྱ་རིགས་སོགས་ནས་མཉམ་རུབ་ཀྱིས་གདོང་ལེན་ཤུགས་ཆེན་པོ་བྱེད་དགོས། རྒྱ་ནག་དང་མཉམ་དུ་ཚོང་ལས་ཐོག་འགྲན་སྡུར་དང་། འགྲོ་བ་མིའི་ཐོབ་ཐང་གི་ཐད་གདོང་ཐུག་འགྲན་རྩོད་ཀྱི་ཐབས་ལམ་བེད་སྤྱོད་བྱེད་དགོས་པ་ལས་མཉམ་ལས་དང་བསྟུན་མཁས་བྱེད་རྒྱུ་མེད། ཅེས་གསུངས།

སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་ཇི་ནི་ཝའི་གླེང་སྟེགས་ཐེངས་གསུམ་པའི་ཐོག་གསུང་བཤད་གནང་མཁན་དང་མཐུན་འགྱུར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་འབྲེལ་ཇི་ནི་ཝའི་གླེང་སྟེགས་ཐེངས་གསུམ་པ་དེ་བཞིན་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས།།