གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༨ རེས་གཟའ་ཉི་མ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༨ རེས་གཟའ་ཉི་མ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྐུ་ཞབས་ཇོ་བཱཡི་ཌེན་ (Joe Biden) མཆོག་ཨ་རིའི་སྲིད་འཛིན་ཐེངས་ ༤༦ པར་བདམས་ཐོན་བྱུང་བ་དང་། དེ་བཞིན་ལྕམ་སྐུ་ཀ་མ་ལཱ་ཧཻ་རིས་ (Kamala Harris) མཆོག་ཨ་རིའི་སྲིད་འཛིན་གཞོན་པར་བདམས་ཐོན་བྱུང་བར་དགའ་བསུའི་གསུང་འཕྲིན་ཞིག་ཕུལ་གནང་བའི་ནང་འཁོད་དོན། སྐུ་ཉིད་མཆོག་ཨ་རིའི་སྲིད་འཛིན་ཐེངས་ ༤༦ པར་བདམས་ཐོན་བྱུང་བར་ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དགའ་བསུའི་འཚམས་འདྲི་དང་།  ཨ་རིའི་གཞུང་མང་གཉིས་ནས་ད་བར་ལོ་ངོ་བཅུ་ཕྲག་མང་པོའི་རིང་ལ་བོད་དོན་སླད་རྒྱབ་སྐྱོར་གནང་དང་གནང་གཞིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འོན་ཀྱང་དེང་སྐབས་རྒྱ་ནག་དམར་ཤོག་གཞུང་འཛིན་པས་བོད་མི་ཙམ་མིན་པར་གོ་ལ་སྤྱིའི་མང་གཙོ་དང་རང་དབང་རྒྱུན་གནས་ལ་ཉེན་ཁ་བཟོས་པའི་བློ་འཚབ་ཡོང་བཞིན་ཡོད། 

ཉེ་ཆར་སྐུ་ཞབས་ཇོ་བཱཡི་ཌེན་མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་འཕྲད་ཞུ་རྒྱུ་ཡིན་པའི་ཞལ་བཞེས་གནང་བར་དགའ་བསུ་དང་། ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇོར་ཇི་བྷུ་ཤི་ (George Sr Bush) མཆོག་དང་། ལྷག་པར་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་བྷ་རག་ཨོ་བྷ་མ་ (Barack Obama ) མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ཕོ་བྲང་དཀར་པོ་ནང་ཐེངས་བཞི་ཙམ་གདན་འདྲེན་ཞུས་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོད། ཅེས་ཡོངས་གྲགས་གསུངས་ཡོད།

སྐུ་ཞབས་ཇོ་བཱཡི་ཌེན་མཆོག་གིས་རྒྱ་ནག་གཞུང་གི་ལས་བྱེད་མི་སྣ་ཁག་གཅིག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་རྣམས་ལ་དམ་བསྒྲགས་བཀའ་ཆད་གཅོད་རྒྱུ་ཡིན་པ་གསུངས་པར་དགའ་བསུ་དང་། ལྷག་པར་བོད་དོན་རྒྱབ་སྐྱོར་གྱི་བསྐྱར་ཞིབ་ཁྲིམས་འཆར་གསར་པ་དང་། བོད་དོན་སླད་རྒྱབ་སྐྱོར་གནང་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན། ཕྲན་རང་ཉིད་ཀྱིས་སྐུ་ཉིད་མཆོག་གིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་ལ་ཨ་རིའི་རྒྱལ་ཁབ་དང་མི་མང་ལ་ཞབས་འདེགས་ཞུས་པར་དངོས་གནས་དྲང་གནས་ཡིད་སྨོན་བྱེད་ཀྱི་ཡོད།

ད་ལམ་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོའི་ཁྲོད་སྐུ་ཉིད་མཆོག་ལ་རྒྱལ་ཁ་ཐོབ་པ་ནི་ཨ་རི་མི་མང་གིས་སྐུ་ཉིད་མཆོག་ལ་ཡིད་ཆེས་དང་བློ་གཏད་ཞུ་ཡི་ཡོད་པ་མཚོན་གྱི་ཡོད། སྐུ་ཉིད་མཆོག་ལ་བཅོས་མིན་གྱི་འཚམས་འདྲི་དང་འབྱུང་འགྱུར་གྱི་བྱ་གཞག་ཐམས་ཅད་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་དང་།

གཞན་ཡང་ལྕམ་སྐུ་ཀ་མ་ལཱ་ཧཻ་རིས་མཆོག་ཨ་རིའི་སྲིད་འཛིན་གཞོན་པར་བདམས་ཐོན་བྱུང་བར། དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་དོན།  ལྕམ་སྐུ་ཀ་མ་ལཱ་ཧཻ་རིས་མཆོག་ཨ་རིའི་སྲིད་འཛིན་གཞོན་པར་བདམས་བྱུང་བ་ནི་ཨ་རིའི་གཞུང་གི་ལོ་རྒྱུས་ནང་བུད་མེད་གཅིག་གནས་རིམ་ཚད་མཐོ་ཤོས་ཟིན་མཁན་དེ་ཆགས་ཡོད་པ་མ་ཟད། རྒྱལ་སྤྱིའི་ཆབ་སྲིད་དང་འགོ་ཁྲིད་ཀྱི་ཐད་ནས་ཀྱང་བུད་མེད་ཚོར་དུས་རབས་གསར་པ་ཞིག་བསྐྲུན་ཡོད། ཅེས་དང་།

ལྷག་པར་ལྕམ་སྐུ་ཀ་མ་ལཱ་ཧཻ་རིས་མཆོག་ནི་རྒྱ་གར་གྱི་རིགས་རྒྱུད་ཡིན་སྟབས། འཛམ་གླིང་གང་སར་གནས་པའི་རྒྱ་གར་བ་ཚོ་ཧ་ཅང་སྤོབས་པ་དང་སེམས་ཤུགས་སྐྱེས་ཡོད། ལྕམ་སྐུ་མཆོག་གིས་འགྲོ་བ་མིའི་ཐོབ་ཐང་དང་། འདྲ་མཉམ། གོ་ལའི་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་སླད་ཕྱག་ལས་གནང་སྐབས་བོད་དོན་གླེང་སློང་དང་། ཨ་རི་དང་བོད་གཉིས་ཀྱི་འབྲེལ་ལམ་ཤུགས་ཆེ་རུ་གཏོང་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན། ཞེས་གསུངས།།