ཟླ་བ་ ༡༡ ཚེས ༡༨ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱིལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༨ རེས་གཟའ་ལྷག་པ། 

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༨ ནས་ ༢༣ བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་བཞུགས་སྒར་རྡ་ས་ནས་ཧིན་བོད་ས་མཚམས་ཀི་ནོར་ (Kinnuar) བར་རྒྱ་ནག་དམར་གཞུང་ཐེར་འདོན་གྱི་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་དེ་བཞིན་དེ་རིང་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༤༥ ཐོག་རྡ་ས་མེག་གྷན་གཙུག་ལག་ཁང་གི་ཉེ་འདབས་སུ་ཡོད་པའི་མངའ་སྡེའི་རླང་འཁོར་བབ་ཚུགས་ནས་འགོ་འཛུགས་གནང་སོང་།

ལས་འགུལ་དེའི་ནང་བཞུགས་སྒར་རྡ་ས་དང་། བདེ་སྐྱིད་གླིང་། སྤོན་ཊ།  སྦིར།  ཀུ་ལུ་མ་ན་ལི། རྒྱལ་ས་ལྡི་ལི། རོའོ་ཏང་བཅས་ཀྱི་ས་གནས་གཞོན་ནུའི་དང་བླངས་བ་ལྔ་བཅུ་མཉམ་ཞུགས་གནང་འདུག

དེ་ཡང་སྔ་དྲོ་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་འགོ་འཛུགས་དང་བསྟུན་མཛད་སྒོ་ཞིག་ཚོགས་པ་དང་། དེའི་ཐོག་སྐུ་མགྲོན་གཙོ་བོར་རྒྱ་གར་བྱང་ཕྱོགས་ཧི་མ་ཅཱལ་མངའ་སྡེའི་བློན་ཆེན་ཟུར་པ་དང་། ཀངྒ་ར་དང་ཅམ་པ་རྫོང་ཁྱབ་ཁོངས་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀི་ཤན་ཀཱ་པུར་ (Kishan Kapoor, Member of parliament, Lok Sabha from Kangra and Chamba) མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག གཞན་ཡང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་སྣེ་རྣམ་པ། དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་དབུས་རྒྱུན་རྣམ་པ། སྦག་སྦག་སྐོར་བསྐྱོད་ནང་མཉམ་ཞུགས་གནང་མཁན་རྣམ་པ། ས་གནས་མི་མང་བཅས་ལྷན་འཛོམས་གནང་འདུག

སྐབས་དེར་ཐོག་མར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ས་གནས་ཁག་བདུན་ནས་མི་གྲངས་ལྔ་བཅུ་དང་། དེ་དང་མཉམ་དུ་སྨན་ཞབས་པ་དང་སྦག་སྦག་བཟོ་མཁན་སོགས་ཁྱོན་མི་གྲངས་ ༦༥ ཡོད་པའི་སྐོར་དང་། ལས་འགུལ་དེའི་དམིགས་ཡུལ་སོགས་ཀྱི་སྐོར་གསུངས་གནང་སོང་།

སྐུ་མགྲོན་གཙོ་བོ་ཀངྒ་ར་དང་ཅམ་པ་རྫོང་ཁྱབ་ཁོངས་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀི་ཤན་ཀཱ་པུར་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས།  འཛམ་གླིང་གང་སར་རྒྱལ་ཁབ་ཀྱི་འཐབ་རྩོད་ཆེད་དུ་གཞོན་སྐྱེས་ཚོས་དམིགས་བསལ་གྱིས་དཀའ་ལས་རྒྱག་བཞིན་ཡོད་སྟབས། ད་རེས་བོད་པའི་གཞོན་སྐྱེས་ཚོས་སོ་སོའི་རྒྱལ་ཁབ་ཀྱི་ཆེད་ལས་འགུལ་གཞི་རྒྱ་ཆེན་པོ་འདི་འདྲ་ཞིག་སྤེལ་བ་དེས་རྒྱ་ནག་གཞུང་ལ་བརྡ་ལན་ཤུགས་ཆེ་སྤྲོད་ཀྱི་ཡོད་པ་དང་། རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ ཡིས་རྐྱེན་པས་ང་ཚོ་སོ་སོའི་ཁ་བཀབ་དགོས་པ་སོགས་འཛམ་གླིང་གང་སར་དཀའ་ངལ་ཆེན་པོ་བཟོས་དང་བཟོ་བཞིན་ཡོད་སྟབས། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་ཚང་མས་རྒྱ་ནག་སྲིད་གཞུང་ལ་མ་དགའ་བ་ཆགས་ཡོད་སྐོར། རྒྱ་ནག་གཞུང་གི་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་དེ་བཞིན་ལམ་ལྷོངས་ཡོང་རྒྱུ་མེད་པ། ད་ལྟའི་རྒྱ་གར་ནི་སྔ་མ་ཕྱི་ལོ་ ༡༩༦༢ སྐབས་ཀྱི་རྒྱ་གར་དེ་མ་ཡིན་པར་ཕྱི་ལོ་ ༢༠༢༠ ཡི་རྒྱ་གར་རྒྱལ་ཁབ་ཡིན་པ་དང་། རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་བསྒྱུར་བ་འགྲོ་བཞིན་ཡོད་ལུགས། བོད་ནང་རྒྱ་ནག་གཞུང་གིས་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་དང་གཏོང་བཞིན་ཡོད་པ་རྣམས་འཛམ་གླིང་རྒྱལ་ཁབ་ཚང་མས་ཤེས་བཞིན་ཡོད་པ། བོད་དེ་བོད་མིའི་ཡིན་སྟབས། རྒྱ་ནག་དམར་གཞུང་གི་མནར་གཅོད་འོག་ནས་བོད་མི་རྣམས་སྔ་ཕྱི་མ་གཏོགས་ཐར་ཐུབ་ངེས་ཡིན་པ་དང་བོད་དོན་བདེན་མཐའ་གསལ་ངེས་ཡིན་པ། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་ནང་རྟེན་གཞི་ཆགས་ནས་ད་བར་ལོ་ངོ་ ༦༡ འགྲོ་བཞིན་ཡོད་པ་དང་། ད་རེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཧིན་བོད་ས་མཚམས་བར་རྒྱ་དམར་གཞུང་ཐེར་འདོན་ཆེད་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་དེ་འདྲ་སྤེལ་བར་བསྔགས་བརྗོད་གནང་བ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་དབུས་གཞུང་ནས་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་ (Bharat Ratna) འབུལ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་པ་སོགས་གསུངས་གནང་སོང་།

དེ་ནས་སྐུ་མགྲོན་གཙོ་བོ་མཆོག་དང་། དམིགས་བསལ་སྐུ་མགྲོན་སོགས་ནས་རིམ་པས་སྦག་སྦག་སྐོར་བསྐྱོད་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཡོངས་ལ་མཇལ་དར་གནང་རྗེས། རྡ་ས་ནས་ཧིན་བོད་ས་མཚམས་བར་གྱི་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་དངོས་སུ་འགོ་འཛུགས་གནང་སོང་།

ད་རེས་ཀྱི་ལས་འགུལ་དེའི་དམིགས་ཡུལ་ནི་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་ད་ལྟའི་ཆར་འཛམ་གླིང་ཁྱོན་ཡོངས་སུ་དཀའ་ངལ་འཕྲད་དང་འཕྲད་བཞིན་པའི་གནས་སྟངས་ཐེར་འདོན་གྱིས་རྒྱ་གཞུང་གི་ཅ་དངོས་ཉོ་ཚོང་མཚམས་འཇོག་དགོས་པའི་དགོས་འདུན་དང་།

དེ་བཞིན་རྒྱ་དམར་སྲིད་གཞུང་གིས་ཁྲིམས་འགལ་ཐོག་བོད་ས་ཡོངས་རྫོགས་བཙན་འཛུལ་བྱས་པའི་རྗེས། རྒྱ་གར་གྱི་ས་མཚམས་ནང་ཁྲིམས་འགལ་གྱིས་བཙན་འཛུལ་བྱས་དང་བྱེད་བཞིན་ཡོད་པར་བརྟེན་རྒྱ་གར་བདེ་འཇགས་ཡོང་སླད་དང་། རྒྱ་ནག་གི་ཁྲིམས་འགལ་བཙན་འཛུལ་ལ་འགོག་རྒོལ་ཆེད་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་ཀྱིས་བོད་རང་དབང་རང་བཙན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་དགོས་པའི་དགོས་འདུན།

དེ་བཞིན་ཉེ་བའི་ཆར་བོད་འབྲི་རུ་རྫོང་དུ་ཛ་དྲག་གནས་སྟངས་འོག་རྒྱ་གཞུང་གིས་བུད་མེད་ལྷ་མོ་ལགས་ཉེས་མེད་འཛིན་བཟུང་བཙོན་འཇུག་བྱས་པ་མ་ཟད། སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་ནས་འདས་གྲོངས་སུ་གྱུར་ཡོད་པ་དང་། གཞས་པ་ལྷུན་གྲུབ་གྲགས་པ་ལགས་ཀྱིས་གཞས་ཤིག་བཏང་བའི་རྐྱེན་གྱིས་ཆབ་སྲིད་ཀྱི་ཉེས་མིང་འོག་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་པ་སོགས་རྒྱ་དམར་གཞུང་གིས་ད་བར་བོད་མི་འཛིན་བཟུང་བྱས་པ་དེ་དག་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་དགོས་འདུན་གསུམ་འདོན་པའི་ཐོག་ནས་ལས་འགུལ་དེ་སྤེལ་བ་ཞིག་རེད་འདུག་པ་བཅས། །