ཟླ་བ་ ༡༠ ཚེས ༡༤ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༤ རེས་གཟའ་ལྷག་པ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༤ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་མ་ཡི་ཀི་པོམ་པེའོ་ Mike Pompeo མཆོག་གིས་དྲུང་ཆེ་ལས་རོགས་སྐུ་ཞབས་རོ་བྷེར་ཊི་ཌེ་སི་ཊི་རོ་ Robert A. Destro  མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བའི་གསར་འགོད་གསལ་བསྒྲགས་སྤེལ་འདུག  

དེ་ཡང་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་མ་ཡི་ཀི་པོམ་པེའོ་མཆོག་གིས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག  དེ་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བཅས་སྲུང་སྐྱོབ་སླད་སྐུ་ཞབས་རོ་བྷེར་ཊི་ཌེ་སི་ཊི་རོ་ Robert A. Destro  མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ཡང་ན་མགོན་པོ་གང་ཉིད་མཆོག་གི་སྐུ་ཚབ་བརྒྱུད་རྒྱ་ནག་གཞུང་དང་ལྷན་བོད་རྒྱ་གྲོས་མོལ་ཡོང་བར་འབོད་བརྩོན་གནང་རྒྱུ་ཡིན་ཞིང་། རྒྱ་ནག་གཞུང་གིས་བོད་ནང་གི་ཆོས་དད་རང་དབང་དང་རིག་གཞུང་ཐོག་དམ་བསྒྲགས་བྱེད་བཞིན་པ་དང་། ལྷག་པར་བོད་ཀྱི་ས་ཁུལ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པར་ཨ་རི་གཞུང་གི་ངོས་ནས་ཐུགས་འཚབ་གནང་གི་ཡོད། ཅེས་དང་།

སྐུ་ཞབས་རོ་བྷེར་ཊི་ཌེ་སི་ཊི་རོགས་མཆོག་གིས་བོད་མིའི་འགོ་ཁྲིད་དང་། རྒྱལ་སྤྱིའི་ཕྱག་སྦྲེལ། དེ་བཞིན་ཁྱད་མཁས་པ་ཚོ་དང་ལྷན་འབྲེལ་བ་གནང་སྟེ་བོད་དོན་གསལ་ཐབས་གནང་རྒྱུ་ཡིན་པ་མ་ཟད། ཨ་རིའི་ཕྱི་སྲིད་ལྷན་ཁང་ནས་བཙན་བྱོལ་བོད་མི་རྣམས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ཆེད་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བཞིན་པའི་ལས་འགན་མུ་མཐུད་བསྒྲུབ་རྒྱུ་ཡིན་པ་རེད། ཅེས་གསུངས།

བོད་མིའི་སྒྲིག་འཛུགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་ཡོང་བའི་འབོད་སྐུལ་རིམ་པ་ཞུས་ཡོད་ཀྱང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཌི་ཊི་རམ་ཕི་ Donald Trump མཆོག་གི་གཞུང་འཛིན་འོག་ཕྱི་ལོ་ ༢༠༡༧ ལོ་ནས་བཟུང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་ཐུབ་མེད།

ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་གསུང་དོན། རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་ནང་ངལ་རྩོལ་བསྒྱུར་བཀོད་ཁང་འཛུགས་སྐྲུན་བྱས་པ་ནང་བཞིན་བོད་ནང་དུའང་ངལ་རྩོལ་བསྒྱུར་བཀོད་ཁང་འཛུགས་སྐྲུན་བྱས་ཏེ་བོད་མི་འབུམ་ལྔ་ལྷག་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་ཡོད་པའི་གནས་ཚུལ་ཐོན་ཡོད་སྟབས། ཨ་རིའི་གཞུང་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་བ་ངོས་འཛིན་ཞུ་བཞིན་ཡོད། ཨ་རིའི་གཞུང་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་སྟེ་བོད་ལ་མིང་དོན་མཚུངས་པའི་རྒྱབ་སྐྱོར་གནང་ཡོད། གོ་སྐབས་འདི་བརྒྱུད་ང་ཚོས་རྒྱ་ནག་དང་མཉམ་དགའ་སྤྲོའི་ངང་ནས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གྲོས་མོལ་བྱ་རྒྱུ་ཡིན། ཞེས་གསུངས།

སྐུ་ཞབས་རོ་བྷེར་ཊི་ཌེ་སི་ཊི་མཆོག་ནི། ད་ལྟའི་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་ལས་དོན་ཚན་པའི་འགན་འཛིན་གནང་མུས་ཡིན་པ་བཅས།