ཟླ་བ་ ༡༠ ཚེས ༡༦ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༦ རེས་གཟའ་པ་སངས། 

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སོག་ཡུལ་དགའ་ལྡན་ཐེག་ཆེན་གླིང་ནས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་༢༠༢༠ ཟླ་ ༡༠ ཚེས་ ༡༥ ཉིན་དྲ་རྒྱ་བརྒྱུད་སོག་ཡུལ་དགའ་ལྡན་ཐེག་ཆེན་གླིང་གི་མཁན་བླ་འདུས་མང་ཡོངས་ལ་བཀའ་སློབ་སྩལ་དོན། སོག་པོའི་མཁན་རིན་པོ་ཆེ་མཆོག་གིས་གཙོས་ཆོས་གྲོགས་ཚོ་དེ་རིང་དྲ་རྒྱ་བརྒྱུད་ནས་སྐད་ཆ་ཤོད་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་། བོད་དང་སོག་པོ་དབར་སྔར་ནས་འབྲེལ་བ་བཟང་པོ་ཡོད། ཕལ་ཆེ་སངས་རྒྱས་པའི་ཆོས་མ་དར་གོང་ནས་སོག་པོ་དང་བོད་ས་འབྲེལ་ཡོད་སྟབས། ང་ཚོས་རྟ་ལ་དང་འདོད་བྱས་ཏེ་ལྟོ་གོས་དོན་དུ་ཕར་ཚུར་འཁྱམ་པའི་སྐབས་འགལ་རྐྱེན་ལྟ་བུ་འཕྲད་ཚེ་ལམ་སང་གྲི་འཕྱར་གྱི་ཡོད། སོག་པོ་ཡང་དེ་འདྲ་ཞིག་དང་ང་ཚོ་བོད་པའང་འདི་འདྲ་རེད། བོད་དང་སོག་པོ་གཉིས་ནི་འབྲོག་པ་ལྟ་བུ་རེད། རིམ་པའི་བོད་ནང་སངས་རྒྱས་ཀྱི་ཆོས་དར། ཕལ་ཆེར་མདོ་ཞིག་གི་ལུང་ནང་དང་རྣམ་རྒྱུན་བཤད་སྲོལ་ལའང་སངས་རྒྱས་ཀྱི་བསྟན་པ་བྱང་ནས་བྱང་དུ་དར། ཞེས་བཤད་སྲོལ་ཡོད། དེར་བརྟེན་རྒྱ་གར་ནས་རྩིས་པའི་བོད་བྱང་དང་དེའི་བྱང་སོག་པོ་ཡིན། གང་ལྟར་སངས་རྒྱས་ཀྱི་བསྟན་པ་བོད་ནང་དར་བ་དང་། དེ་ནས་སོག་ཡུལ་དུ་དར་ནས་དད་པ་ཙམ་དུ་མ་ཟད་སློབ་གཉེར་གནང་མཁན་ཧ་ཅང་མང་པོ་བྱུང་བ་རེད། དཔེར་ན། ཕྱི་ལོ་ ༡༩༥༩ ལོར་ངོས་རང་ནོར་བུ་གླིང་ཁ་ནས་བྲོས་ཡོང་སྐབས། དེ་དུས་ངོས་རང་གྲྭ་སྐོར་དམ་བཅའ་བཞག་པ་ཡིན། སྐབས་དེར་སྒོ་མང་མཁན་པོ་རྒན་ལེགས་ལྡན་ཕྱག་དཔེ་ཧ་ཅང་ཡག་པོ་ཡོད། དེ་ནས་འདུལ་བའི་མཁན་པོ་ཐུབ་བསྟན་ཉི་མ་དཔེ་ཆ་རྩེ་གྲ་རེད། སྐབས་དེ་དུས་ཀྱི་རྒྱུད་སྨད་མཁན་པོ་དཔེ་ཆཧ་ཅང་་ཡག་པོ་ཡོད། དེ་བཞིན་དགེ་བཤེས་ཡང་དག་ཅེས་པ་ཞིག་ཡོད། ཁོང་ནི་ཐུ་ཝ་ནས་ཡིན་པ་དང་ཨུ་རུ་སུའི་སྐད་ཡག་པོ་ཡོད་པ་རེད་ཟེར། དེ་དང་དེའི་མཚོན་པའི་གང་ལྟར་དཔེ་ཆེ་ཨང་དང་པོ་ཡིན་པ་སོག་པོའི་མཁས་པ་མང་པོ་ཡོད།

ངོས་རང་ཐོག་མར་མཚན་ཞབས་ཡིན། ངོས་ཀྱི་མཚན་ཉིད་ཀྱི་དགེ་རྒན་གཙོ་བོ་རྒན་དངོས་གྲུབ་ཚོགས་ཉིད་སེ་ར་བྱས་ཀྱི་སོག་པོ་རེད། བོད་ནང་སོག་པོའི་མཁས་པ་མང་པོ་ཡོད། སོག་པོའི་མཁས་པས་ལེགས་བཤད་བཞག་པའང་མང་པོ་ཡོད། དཔེར་ན་སོག་པོའི་མཁས་པ་དཔལ་ལྡན་ཆོས་རྗེའི་ལེགས་བཤད་ལ་ཆ་བཞག་ན། སྐབས་རེ་ངོས་ཀྱི་ལྟ་ཀློག་བྱེད་ཀྱི་ཡོད། སྔོན་གྱི་མཁས་པའི་དབང་པོས་ལེགས་བཤད་བརྩམས་པ་མང་པོ་འདུག སོག་པོའི་མཁས་པ་ཧ་ལས་པ་མང་པོ་བྱུང་བ་རེད། བར་སྐབས་གསར་བརྗེ་ལངས་ནས་སོག་པོའི་ནང་སངས་རྒྱས་ཀྱི་བསྟན་པར་ཉམས་ཆག་ཧ་ཅང་བྱུང་བ་རེད། འོན་ཀྱང་གཙོ་བོ་ཁྱེད་རྣམ་པར་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཡོད་པར་བརྟེན་དྲག་གནོན་གྱི་ཐོག་ནས་སངས་རྒྱས་ཀྱི་བསྟན་པ་མེད་པ་བཟོ་ཡི་ཡོད་ཀྱང་བཟོ་ཐུབ་མེད། ངོས་རང་སོག་ཡུལ་དུ་ཐེངས་དང་པོ་སླེབ་པའི་སྐབས་སོག་པོ་དགའ་ལྡན་དགོན་པའི་ནང་ཁྲིའི་སྟེང་བསྡད་དེ་སོག་པོ་ཚོས་ངོས་ལ་སྐད་ཤུགས་ཆེན་པོའི་ངང་ནས་མཎྜལ་འབུལ་སྐབས་ངོས་རང་མིག་ཆུ་ཤོར་སོང་། སྔར་བོད་དང་སོག་པོའི་དབར་འབྲེལ་བ་དམ་གཟབ་ཡོད། བར་སྐབས་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ཀྱང་སངས་རྒྱས་ཀྱི་བསྟན་པ་བློས་མ་བཏང་བར་འཛིན་འདུག་སྙམ་པའི་ཚོར་བ་ཆེན་པོ་བྱུང་། ངོས་རང་མིག་ཆུ་ཤོར་སོང་། དེ་ནས་རིམ་བཞིན་རྒྱ་གར་དུ་སོག་པོའི་གྲྭ་རྒྱུན་ཕེབས་པ་མང་ཐག་ཆོད་བྱུང་བ་རེད། གྲྭ་རྒྱུན་དེ་དག་དཔེ་ཆ་ལྟ་ཀློག་བྱས་ཏེ་ཧ་ཅང་ཡག་པོ་འདུག དེ་སྔ་ངོས་རང་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་སླེབ་སྐབས་བརྗོད་རྒྱུ་བྱུང་། དགོན་སྡེ་ཁག་ཏུ་གྲྭ་པ་ཡོང་ཁུངས་ལ་གཞིགས་ནས་ཚན་ཁག་སོ་སོར་བགོས་པའི་ཁམས་ཚན་དེ་འདྲ་ཡོད་སྟབས། སོག་པོའི་ཁམས་ཚན་ཞིག་ཡོད་དགོས་ཀྱི་འདུག་ཅེས་དེ་ལྟར་སྐད་ཆ་བྱུང་། གང་ལྟར་གྲྭ་སར་བོད་ནས་ཡོང་མཁན་གྲྭ་རྒྱུན་ཕྲན་བུ་ཉུང་དུ་ཕྱིན་པའི་སྐབས་འདིར་ཧི་མ་ལ་ཡ་ས་ཁུལ་ནས་གྲྭ་རིགས་དང་། ལྷག་པར་སོག་པོའི་གྲྭ་རྒྱུན་ཚོས་སློབ་གཉེར་གནང་སྟེ་བསྟན་པ་འཛིན་བཞིན་ཡོད། 

སྤྱིར་འཛམ་གླིང་འདིའི་སྟེང་བལྟས་པ་ཡིན་ན། ངོས་ཀྱིས་ཆོས་ལུགས་ཚང་མར་བརྩི་བཀུར་བྱེད་ཀྱི་ཡོད། ཆོས་ལུགས་ཚང་མ་ཧ་ཅང་ཡག་པོ་རེད། འོན་ཀྱང་དེང་སྐབས་སྤྱིར་ཤེས་ཡོན་དང་ཚན་རིག་ཡར་རྒྱས་ཕྱིན་པའི་སྐབས་ཆོས་ཞེས་པ་ནི་དད་པ་ཙམ་མིན་པར་ཚད་མ་རིག་པའི་ཐོག་ནས་ཆོས་ཀྱི་རྣམ་གཞག་འགྲེལ་བཤད་རྒྱག་པ་དང་། གཞི་དངོས་པོའི་གནས་ཚུལ་རིག་པའི་ལམ་ནས་གཏན་ལ་ཕབ་སྟེ་བཤད་རྒྱུ་ཡོད་པ་བོད་ཀྱི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་མཁས་ཆེན་ཞི་བ་འཚོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་ནང་སངས་རྒྱས་ཀྱི་བསྟན་པ་དཔལ་ན་ལེནྡྲའི་ཆོས་བརྒྱུད་ཕྱག་སྲོལ་ཆགས་པ་རེད། འདིའི་ཐུན་མོང་མིན་པའི་རྩ་བ་པཱ་ལིའི་ཆོས་བརྒྱུད་སྟོན་པ་བཅོམ་ལྡན་འདས་ཀྱིས་ཐོག་མར་སྡེ་སྣོད་གསུམ་ཞེས་གསུངས་པ་དེ་དག་བཀའ་བསྡུར་བྱས་ནས་ཡིག་ཐོག་ཏུ་བཀོད་པ་རེད། སྡེ་སྣོད་གསུམ་ཞེས་པ་ནི་པཱ་ལི་ནང་ཡོད། ཧ་ཅང་ཡག་པོ་རེད། 

ཕྱིས་སུ་ནཱ་ལེནྡྲར་བསྟན་པ་དར་ཡོང་དུས་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་བཅོམ་ལྡན་འདས་རང་ཉིད་ཀྱིས། ངའི་རྗེས་འབྲང་ཚོས་ང་ལ་དད་པ་བྱས་ནས་ངའི་ཆོས་ལ་ཉམས་སུ་ལེན་མི་དགོས། ངས་བསྟན་པ་འདི་ལ་ཁྱེད་རང་ཚོས་ཞིབ་འཇུག་དང་བརྟག་དཔྱད་བྱས་ནས་རྒྱུ་མཚན་ལྡན་པ་ཞིག་མཐོང་བའི་སྐབས་སུ་ཉམས་ལེན་བྱོས། དད་པ་ཁོ་ནའི་ཐོག་ནས་ཆོས་ཉམས་ལེན་བྱེད་མི་དགོས།ཞེས་བཅོམ་ལྡན་ལྡན་རང་ཀྱིས་འདི་ལྟར་གསུངས་འདུག འདིའི་ལག་ལེན་དཔལ་ནཱ་ལེནྡྲའི་འགྲོ་སྟངས་དེ་ལྟར་རེད། དཔེར་ན། ཚད་མ་རིག་པའི་ཐོག་ནས་ལྟ་གྲུབ་འདྲ་མིན་ཡོད་པ་རྣམས་དཔྱད་པ་བྱེད་དུས་བཅོམ་ལྡན་འདས་ཀྱི་བཀའ་ཡིན་ནའང་དྲང་ངེས་གཉིས་སུ་ཕྱེ་ནས་བཀའ་འདི་དང་འདི་དྲང་དོན་དགོངས་པ་ཅན་རེད། ཅེས་ཁས་མི་ལེན་པ་དང་། བཀའ་འདི་དང་འདི་རིག་པས་ཇི་ཙམ་དཔྱད་ནའང་ངེས་པ་ཇེ་གཟབ་དུ་འགྲོ་རྒྱུ་ཡོད་སྟབས། ཁས་ལེན་ཆོག་པ་རེད།

གོང་དུ་བརྗོད་པ་ལྟར་ངོས་ཀྱིས་ཆོས་ལུགས་ཚང་མར་དད་མོས་བྱེད་ཀྱི་ཡོད། མི་མང་པོར་ཕན་གྱི་ཡོད་པ་རེད། ཆོས་ལུགས་མཐུན་སྒྲིལ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཚན་རིག་ཡར་རྒྱས་ཕྱིན་པའི་ཐོག་ནས་མི་སུ་འདྲ་ཞིག་ཡིན་ནའང་རིག་པས་དཔྱད་པ་བྱེད་རྒྱུའི་དུས་སྐབས་འདིར་ནཱ་ལེནྡྲའི་ཆོས་བརྒྱུད་འདི་རིག་པའི་ལམ་ནས་འགྲེལ་བཤད་བརྒྱག་རྒྱུ་ཡོད་པ་དང་གཏན་ལ་དབབ་རྒྱུ་ཡོད་པ་ཞིག་ཡིན་སྟབས། བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་ནི་མཁས་ཆེན་ཞི་བ་འཚོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ནཱ་ལེནྡྲའི་ཆོས་བརྒྱུད་རེད།

ང་ཚོས་ཚད་མ་རིག་པ་དང་ལྟ་གྲུབ་སོགས་ལ་སློབ་སྦྱོང་ཧ་ཅང་བྱེད་ཀྱི་ཡོད། ཐོག་མར་བསྡུས་གྲྭ་བལྟས་པའི་སྐབས་ནས་བློ་རིག་དང་རྟགས་རིག་སྦྱངས་ཏེ་རྟགས་གསལ་གཏང་རྒྱུ་སོགས་ཆུང་དུས་ནས་སློབ་བཞིན་ཡོད། སངས་རྒྱས་ཀྱི་བསྟན་པ་འཛམ་གླིང་འདིའི་སྟེང་མུ་མཐུད་གོང་ནས་གོང་དུ་འཕེལ་རྒྱུ་ཡོང་མི་སྲིད་པ་མ་རེད། དེང་སྐབས་ནུབ་ཕྱོགས་ཀྱི་ཚན་རིག་མཁས་དབང་དང་ལྟ་གྲུབ་མཁས་དབང་དེ་འདྲ་ཡིས་ནཱ་ལེནྡྲའི་འགྲོ་སྟངས་ཐོག་དམིགས་བསལ་གྱི་དོ་སྣང་བྱེད་ཀྱི་འདུག  སེམས་ཁམས་རིག་པའི་སྐོར་བཤད་དགོས་བྱུང་ཚེ་ནང་པའི་ཆོས་ཁོ་ན་མ་གཏོགས་གཞན་སུ་གཅིག་ལ་བཤད་རྒྱུ་མེད།  དེར་བརྟེན་དུས་སངས་རྒྱས་པའི་བསྟན་པ་འདི་མུ་མཐུད་ནས་གནས་རྒྱུ་དང་། ད་དུང་གོང་ནས་གོང་དུ་འཕེལ་བ་དང་ཁྱབ་ཆེ་རུ་འགྲོ་རྒྱུ་ཕལ་ཆེར་ཡོང་གི་ཡོད་པའི་བཟོ་འདྲ་ཞིག་འདུག

ངོས་ཀྱི་ངོ་ཤེས་པའི་ཚན་རིག་པ་མང་པོས་སེམས་ཁམས་རིག་པ་སོགས་ཀྱི་ལྟ་གྲུབ་སྐོར་ཤོད་ཡོང་སྐབས་ནང་པའི་གཞུང་ལ་དམིགས་བསལ་དོ་སྣང་ཡོང་བཞིན་འདུག སངས་རྒྱས་པའི་ཆོས་འདི་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་མུ་མཐུད་གནས་པ་ཙམ་དུ་མ་ཟད། འབྱུང་འགྱུར་དུས་རབས་བརྒྱ་ཕྲག་གཅིག་གཉིས་རིང་སངས་རྒྱས་ཀྱི་བསྟན་པ་མུ་མཐུད་གནས་པ་དང་། གོང་འཕེལ་འགྲོ་རྒྱུ་ཡིན་པར་བརྟེན་ང་ཚོ་ནི་ཕ་མའི་དུས་ནས་སངས་རྒྱས་ཀྱི་ཆོས་ཉམས་ལེན་བྱེད་མཁན་ཞིག་ཆགས་ཀྱི་ཡོད་སྟབས། འཛམ་གླིང་འདིའི་སྟེང་ནང་པའི་ལྟ་གྲུབ་དང་ཚད་མ་རིག་པའི་སྐོར་དོ་སྣང་བྱེད་མཁན་མང་དུ་ཕྱིན་པའི་སྐབས་འདིར་ང་ཚོས་འགྲེལ་བཤད་བརྒྱག་ཐུབ་དགོས་པ་ནི་འགན་རེད། ཆེན་པོ་ཧོར་གྱི་ཡུལ་ལ་ཆ་མཚོན་ན་ཕ་མེས་ནས་སངས་རྒྱས་ཀྱི་ཆོས་ལ་ཉམས་ལེན་བྱེད་མཁན་དང་། བོད་ནས་མར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འདི་ཆགས་ཡོད། ནང་སོག་ལ་མཚོན་ན་རྒྱ་ནག་གི་མངའ་སྡེ་ཞིག་ཆགས་ཡོད། ད་ཆ་ནང་སོག་ཏུ་སོག་པོའི་སྐད་ཡིག་ཐོག་དམིགས་བསལ་དོ་སྣང་བྱེད་སྐབས་དཀའ་ངལ་འཕྲད་ཀྱི་ཡོད་པའི་གནས་ཚུལ་འདུག

སོག་པོ་རང་བཙན་གྱི་ལུང་པར་ནང་ཆོས་ཀྱི་ཚད་མ་རིག་པ་དང་ལྟ་གྲུབ་རིག་པའི་ཐོག་སློབ་སྦྱོང་ཡག་པོ་བྱས་ཏེ་ཚན་རིག་དང་འབྲེལ་ནས་བཤད་ཐུབ་པ་ཞིག་སྔོན་ལ་ཁྱེད་རང་ཚོའི་ལུང་པའི་ནང་ཧྲ་ཐག་ཐག་བཟོས། རྒྱ་གར་ལ་མཚོན་ན་ནང་སོག་ནས་ཕལ་ཆེར་སློབ་ཕྲུག་གཉིས་གསུམ་ཡོད། ཕྱི་སོག་ལ་མཚོན་ན་འཁྲིས་ལ་ཡོད་སྟབས་ཆབ་སྲིད་ཀྱི་དཀའ་ངལ་དམིགས་མ་བྱུང་ན་ཡོང་ཐུབ་རྒྱུའི་རེ་བ་ཡོད། གཞན་ཡང་དགེ་རྒན་དེ་འདྲ་ཕར་འགྲོ་རྒྱུའི་རེ་བ་ཡོད། དེང་སྐབས་རྒྱ་ནག་ཏུ་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་འགྲོ་བཞིན་འདུག ས་ཡ་སུམ་བརྒྱ་ལྷག་ཙམ་ཡོད་པའི་གནས་ཚུལ་གོ་རྒྱུ་འདུག སོག་པོ་ཚོས་སངས་རྒྱས་ཀྱི་བསྟན་པར་ཞབས་འདེགས་སྒྲུབ་པར། རྗེ་རིན་པོ་ཆེས། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །ཅེས་གསུངས་པ་ནང་བཞིན་ནང་སོག་དང་རྒྱ་ནག་ལ་མཚོན་ན་སངས་རྒྱས་ཀྱི་བསྟན་པ་སྔར་དར་བ་དང་བར་སྐབས་ཉམས་པ་ཞིག་ཆགས་ཡོད། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་སངས་རྒྱས་ཀྱི་བསྟན་པ་སྔར་མ་བྱུང་བ་དང་བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པའི་གནས་འདིར་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་བྱེད་རྒྱུ་ང་ཚོ་བོད་པ་ཚོ་ལ་ལས་འགན་ཡོད། སོག་པོ་ཚོ་ལའང་ལས་འགན་གཅིག་མཚུངས་ཡོད་པ་འདི་ཁྱེད་རང་ཚོའི་སེམས་ལ་ཞོག ཅེས་སོགས་ཀྱི་བཀའ་སློབ་སྩལ། །