གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༠ རེས་གཟའ་སྤེན་པ། 

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༠ རེས་གཟའ་སྤེན་པའི་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་སེམས་ཁམས་འཕྲོད་བསྟེན་གྱི་ཉིན་མོར་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་ཆེ་བའི་དུས་སྐབས་འདིར་ནང་སེམས་ཀྱི་འཕྲོད་བསྟེན་ལ་དོ་སྣང་བྱ་རྒྱུ་གལ་ཆེ་ཡིན་སྐོར་བླང་དོར་བཀའ་སློབ་སྩལ་དོན། ང་ཚོ་ཚང་མ་སྔུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ། དུད་འགྲོ་འབུ་སྲིན་ཚུན་ཆད་གཅིག་མཚུངས་ཡིན། ང་ཚོར་མིའི་རྣམ་དཔྱོད་ཀྱི་བསམ་བློ་ཞིག་ཡོད་སྟབས། དེས་སེམས་ལ་ཞི་བདེ་དང་བདེ་སྐྱིད་ཡོང་བའི་ཆ་རྐྱེན་གཙོ་བོ་ཆགས་ཀྱི་ཡོད། དེ་དང་ཆབས་ཅིག་རེ་དོགས་མང་པོ་ཞིག་ཡོང་བཞིན་པའང་ཆགས་ཡོད། དེར་བརྟེན་མཐར་གཏུགས་ན་སེམས་ཀྱི་ཞི་བདེ་ཞེས་པ་ནི་ཧ་ཅང་གལ་ཆེན་པོ་རེད་འདུག 

སེམས་ལ་གཙོ་བོ་ཡིད་ལུས་ཀྱི་སྟེང་ནས་སེམས་ཞི་བདེའི་ངང་བསྡད་ཐུབ་རྒྱུ་ཞིག་ཡོད་ན། སྒོ་ལྔའི་དབང་པོ་ཤེས་པའི་ནང་ལུས་ཀྱི་ན་ཚ་ཡིན་ནའང་ལུས་ཤེས་ཀྱིས་ཉམས་སུ་མྱོང་བ་དེ་ཚོའི་གྲས་ཡིད་ལུས་བདེ་བས་གཟིལ་གྱིས་གནོན་ཐུབ་པ་ཏན་ཏན་ཡོང་གི་ཡོད། ལྷག་པར་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་མཁན་ཞིག་ཡིན་ཚེ་སྡུག་བསྔལ་དང་ལེན་བྱེད་རྒྱུ་དེ་འདྲ་ཡོང་གི་ཡོད། རྐྱེན་ངན་དགེ་བའི་གྲོགས་སུ་འགྱུར་རྒྱུ་རིགས་ཡོང་གི་ཡོད་སྟབས། གཙོ་ཆེ་ཤོས་སེམས་ལ་ཞི་བདེ་ཡོང་བ་ཞིག་དང་། སེམས་ཞི་བདེ་ཡོང་བར་མིའི་རྣམ་དཔྱོད་བདེ་སྤྱོད་བྱས་ནས་ཞི་བདེ་ཡོང་དགོས། དེང་སྐབས་ནད་ཡམས་ཧ་ཅང་ཐབས་སྐྱོ་པོ་ཞིག་ཡོང་བཞིན་ཡོད། ནད་བྱུང་ཟིན་པ་རྣམས་སོ་སོར་ལས་ཟློག་མེད་རེད། སོ་སོར་ལས་ཀྱི་དབང་གིས་ཡོང་བཞིན་པ་སངས་རྒྱས་ཀྱི་ཆོས་པའི་ཐོག་ནས་བཤད་པ་ཡིན་ན་འདི་ལྟར་ཆགས་ཀྱི་ཡོད།

མ་འོངས་པར་མི་ཡོང་བའི་སྔོན་འགོག་བྱེད་རྒྱུ་ཐབས་ཤེས་ཡོང་གི་རེད་ལ། ད་ལྟ་མང་པོ་ཞིག་གིས་ཐབས་ཤེས་བྱེད་བཞིན་ཡོད། ནད་ཡམས་འདི་འགོག་ཐབས་སུ་སྨན་པ་དང་ཚན་རིག་པ། ནད་གཡོག་ལ་སོགས་ཀྱིས་ཧུར་ཐག་གནང་གི་ཡོད། རྗེས་སུ་ཡི་རང་ཡོད། ད་དུང་ཚང་མས་སེམས་ཤུགས་སྐྱེས་ཏེ་ཁ་ཡོད་ལག་ཡོད་གཞན་ཕན་གྱི་བྱ་བ་ཡིན་བསམ་པའི་ཐོག་ནས་སྔར་བཞིན་ཚང་མས་ཧུར་བསྐྱེད་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན། ངོས་རང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་བྱང་ཆུབ་སེམས་སྒོམ་མཁན་གྱི་དགེ་སློང་ཞིག་ཡིན་སྟབས། ཁྱེད་རང་ཚོས་གཞན་ཕན་གྱི་བྱ་བ་བསྒྲུབས་པ་དེ་ངོས་ཀྱིས་རྗེས་སུ་ཡི་རང་དང་སྔོ་བ་སྨོན་ལམ་རྒྱུན་དུ་བྱེད་ཀྱི་ཡོད།

ཉིན་རེ་བཞིན་དུ་སྔ་དྲོ་ཡར་ལངས་པ་དང་སྨོན་ལམ་དང་གཟུངས་སྔགས་སོགས་བགྲངས་ནས་འཛམ་གླིང་འདིའི་སྟེང་གི་ནད་ཡམས་དེ་དག་སྤྱིར་འཛམ་གླིང་དང་། ཡང་སྒོས་རྒྱ་གར་གྱི་ཡུལ་ནས་རིམ་བཞིན་གཙང་སེལ་དང་མི་ཡོང་བའི་སྨོན་ལམ་རྒྱག་བཞིན་ཡོད། ད་བར་འདིའི་ཐོག་ལ་ཕྱག་ལས་གནང་མཁན་ཡོངས་ལ་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ། །