གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༩ རེས་གཟའ་ཕུར་བུ།

༄༅། །རྒྱ་ནག་གཞུང་གིས་ཁམས་འབྲི་རུ་ནས་ཡིན་པའི་བསྟན་འཛིན་ཐར་པ་ལགས་དང་། ལྷ་མོ་ལགས་རྣམ་གཉིས་ཀྱིས་རྒྱ་གར་ནང་སྒོར་མོ་བཏང་བའི་ཉེས་མིང་འོག་འཛིན་བཟུང་བཙོན་འཇུག་བྱས་པ་མ་ཟད། ལྷ་མོ་ལགས་འདྲི་རྩད་རྡུང་རྡེག་འོག་འདས་གྲོངས་སུ་གྱུར་པའི་གནས་ཚུལ་བྱུང་འདུག་པ་དང་ཁོང་གཉིས་  ༢༠༢༠ ཟླ་ ༦  ནང་རྒྱ་གཞུང་གི་ཉེན་རྟོག་པས་སྔ་རྗེས་སུ་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག

དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་གཅིག་གི་ནང་གནས་ཚུལ་སྤེལ་གསལ་ལྟར་ན། འབྲི་རུ་རྫོང་ཆགས་རྩེ་ཡུལ་ཚོ་དབུས་ལུང་གྲོང་ནས་ཡིན་པའི་བསྟན་འཛིན་ཐར་པ་ལགས་འཛིན་བཟུང་བྱས་ཏེ་ཉིན་གཉིས་པའི་མཚན་མོར། ཁོང་གི་ཞང་པོའི་བུ་མོ་ལྷ་མོ་ལགས་ཡང་འཛིན་བཟུང་བྱས་ཡོད། ལྷ་མོ་ལགས་འཛིན་བཟུང་བྱས་ནས་ཉིན་ཤས་རྗེས་ཉེན་རྟོག་པ་ཁ་ཤས་ལྷ་མོའི་ཁྱིམ་དུ་ཡོང་ནས་ཅ་དངོས་སྔོག་བཤེར་བྱས་ཏེ། ༸གོང་ས་མཆོག་གི་སྐུ་པར་དང་བཀའ་ཆོས་ཀྱི་འོད་སྡེར་སོགས་ཁྱེར་ཡོད་འདུག

ལྷ་མོ་འཛིན་བཟུང་བྱས་ནས་ཟླ་བ་གཉིས་ཙམ་གྱི་རྗེས་ཏེ།  ཕྱི་ལོ་ ༢༠༢༠ ཟླ་ ༨ ནང་ཉེན་རྟོག་པས་ལྷ་མོའི་ནང་མིར་ཁ་པར་བཏང་ནས་གང་མགྱོགས་ནག་ཆུའི་སྨན་ཁང་ཞིག་ཏུ་ཡོང་དགོས་སྐོར་བཤད་འདུག་པ་དང་།  ནང་མི་རྣམས་སྨན་ཁང་དུ་འབྱོར་དུས་ལྷ་མོ་སྨན་ཁང་ནང་ཡོད་པ་དང་མིག་གིས་ཅུང་ཟད་ལྟ་ཐུབ་པ་ལས་ཁ་གྲག་མི་ཐུབ་པ་དང་། ངོ་གདོང་ཡོངས་རྫོངས་སྐྲང་ཞིང་སྔོན་པོ་ཆགས་ཡོད་ནས་ལས་སླ་པོ་ངོ་མི་ཤེས་པ་གྱུར་ཡོད།   ཉིན་གྲངས་གཉིས་གསུམ་རིང་སྨན་ཁང་དུ་བསྡད་ཡོད་ཀྱང་དྲག་སྐྱེད་མ་བྱུང་བར་སྨན་ཁང་དུ་འདས་གྲོངས་སུ་གྱུར་ཡོད།  འདས་གྲོངས་སུ་གྱུར་མ་ཐག་ཕུང་པོ་མེར་སྲེག་དགོས་པའི་བཙན་བཀའ་བཏང་སྟེ་མེར་བསྲེགས་དགོས་བྱུང་འདུག་པས། ནང་མི་ཚོར་མོའི་ལུས་ལ་རྨ་ཁ་སོགས་ཡོད་མེད་ཀྱང་ལྟ་བཅུག་མེད།

ལྷ་མོ་ལགས་ནི་སྤྱིར་བཏང་གི་འབྲོག་མོ་དཀྱུས་མ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་འཛིན་བཟུང་མ་བྱས་སྔོན་ལ། རྒྱུན་དུ་བདེ་མོ་ཐང་མོ་ཡིན་པ་ལས་ནད་གཞི་རྙིང་པ་གང་ཡང་ཡོད་མི་འདུག མོའི་ཤུལ་དུ་དྭ་ཕྲུག་གསུམ་ལྷག་ཡོད་པ་ལས་ཆུང་བ་དེ་ལོ་བདུན་ཙམ་ཡིན་འདུག

བསྟན་འཛིན་ཐར་པ་ལགས་ཕྱི་ལོ་ ༢༠༢༠ ཟླ་ ༦ ནང་གློ་བུར་དུ་ནག་ཆུ་ཁ་ནས་འཛིན་བཟུང་བྱས་རྗེས། ཡུན་རིང་ཁོང་ས་གནས་གང་དུ་ཁྱེར་མིན་དང་། འཛིན་བཟུང་བྱས་དགོས་པའི་རྒྱུ་མཚན་གང་ཡིན་སོགས་ཤེས་རྟོགས་བྱུང་མེད། ཉེ་ཆར་ནང་མི་ཉེ་འབྲེལ་ཚོས་ཁྲིམས་རྩོད་པ་གླས་ནས་ཁོང་གང་དུ་ཡོད་མེད་རྩད་གཅོད་དང་ཐུག་འཕྲད་བྱ་ཐབས་སོགས་བྱས་པས། ད་ལྟ་ནག་ཆུའི་བཙོན་ཁང་ཞིག་གི་ནང་དུ་ཡོད་པའི་གནས་ཚུལ་ཤེས་རྟོགས་ཐུབ་པ་དང་།  ཕྱི་ཕྱོགས་ལ་འབྲེལ་བ་བྱས་ཤིང་དངུལ་དམར་ཕྱི་ཕྱོགས་སུ་བཏང་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་གསལ་པོ་ཆགས་ཡོད་འདུག་ཀྱང་ཁོང་ལ་ཁྲིམས་ཐག་དུས་ཡུན་ཇི་ཙམ་བཅད་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མི་འདུག

བསྟན་འཛིན་ཐར་པ་ནི། དེ་སྔ་གྲྭ་པ་ཡིན་ཞིང་གསེར་རྟ་ནང་བསྟན་སློབ་གླིང་དུ་སློབ་གཉེར་གནང་མྱོང་བ་དང་། སྐབས་དེར་ ༼ འཚེ་བ་མེད་པ། ༽ ཞེས་པ་དང་། ༼ རྒྱང་འཛིན། ༽ ཞེས་པ་སོགས་དཔེ་དེབ་ཁ་ཤས་དཔར་མྱོང་འདུག ཁོང་ཕྱི་ལོ་ ༢༠༡༢ ཙམ་ལ་ཕ་ཡུལ་དུ་ལོག་ཅིང་ཆགས་རྩེ་རུ་སློབ་གྲྭ་ཞིག་བཙུགས་ཡོད་ནའང་། ཅུང་མ་སོང་བར་ཆགས་རྩེ་ཡུལ་ཚོ་མི་དམངས་སྲིད་གཞུང་གིས་སློབ་གྲྭ་དེ་ཁྲིམས་མཐུན་མིན་ཚུལ་བཤད་དེ་སྒོ་བརྒྱབ་ཡོད་འདུག དུས་དེ་ནས་བཟུང་བསྟན་འཛིན་ཐར་པ་རྒྱ་གཞུང་གི་ལྟ་རྟོག་གི་འོག་ཏུ་ཡོད་འདུག

ཕྱི་ལོ་ ༢༠༡༤ ཙམ་ནས་བསྟན་འཛིན་ཐར་པས་ཚོང་ལས་གཉེར་འགོ་བརྩམས་ཏེ་དབྱར་རྩྭ་དགུན་འབུ་དང་ས་ཁང་སོགས་ཉོ་ཚོང་བྱས་པ་མ་ཟད།  ཕྱི་ལོ་ ༢༠༡༥ ཙམ་ནས་བོད་ལྗོངས་འབྲི་རུ་ཀ་ཐོན་རྫས་ཚད་ཡོད་མཐུན་གཉེར་ཁང་གསར་དུ་བཙུགས་ཤིང་དེའི་སྤྱི་ཁྱབ་འགན་འཛིན་གྱི་འགན་འཁུར་མུས་སུ་ཡིན་འདུག །