གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༣༠ རེས་གཟའ་པ་སངས། 

༄༅། །རྒྱ་ནག་གཞུང་གིས་བོད་ཁམས་འབྲི་རུ་རྫོང་ནས་ཡིན་པའི་གླུ་བ་ལྷུན་གྲུབ་གྲགས་པ་ལགས་ཀྱིས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་སྲིད་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་སྐྱོན་བརྗོད་ཀྱི་གླུ་གཞས་༼ ཞྭ་མོ་ནག་པོ། ༽ ཞེས་བླངས་པར་བརྟེན་ཁོང་ལ་མི་ལོ་ ༦ གི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག 

དེ་ཡང་གླུ་པ་ཁོང་གིས་ཕྱི་ཟླ་ ༣ པའི་ནང་གླུ་ཞྭ་མོ་ནག་པོ་ཞེས་པའི་གླུ་གཞས་དེ་བླངས་ནས་ཟླ་ ༢ ཙམ་གྱི་རྗེས་ཏེ། ཕྱི་ལོ་ ༢༠༡༩ ཟླ་ ༥ བའི་ནང་ཁོང་བཀག་བསྐྱིལ་བྱས་ཤིང་། འདི་ལོའི་ཕྱི་ཟླ་ ༦ ནང་ཁོང་ལ་ཁྲིམས་ཐག་བཅད་འདུག  དུས་ཡུན་མི་ལོ་ ༡ ལྷག་བཀག་ཉར་བྱས་ཪིང་ཁོང་ལ་ཁྲིམས་ཀྱི་འགྲོ་ལུགས་གཞིར་བཟུང་ཁྲིམས་རྩོད་པ་གླ་བཅུག་མེད་ཁར་དྲང་བདེན་གྱི་ཁྲིམས་ཞིབ་ཐོབ་ཐང་ཡང་སྤྲད་མེད།

དེ་སྔ་ཕྱི་ལོ་ ༢༠༡༣ ལོར་ཁོང་དང་ལྷན་བོད་ཀྱི་གཞས་པ་གྲགས་ཅན་ཁག་གཅིག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཡུན་རིང་གནས་པའི་བསྟོད་གླུ་བཀྲ་ཤིས་ཡར་འགྲོ་ཞེས་པའི་རོལ་དབྱངས་བརྙན་ཐུང་ཞིག་འབུལ་ལམ་ཞུས་པར་བརྟེན་དུས་དེ་ནས་བཟུང་ཕྱི་ལོ་ ༢༠༡༥ ཟླ་ ༤ བར་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་འདུག  ད་ཆ་ཁོང་གང་དུ་ཡོད་མེད་དང་གཟུགས་པོའི་གནས་བབ་ཇི་འདྲ་ཡིན་སྐོར་སོགས་གང་ཡང་ཤེས་རྟོགས་མེད། 

ཞྭ་མོ་ནག་པོ། ༽ ཞེས་པའི་གཞས་ཚིག
ལྷག་བསམ་དྲང་བདེན་ཆེ་བའི་མི་རིགས་ཤིག་ལ།
གཡོ་སྒྱུའི་ཞྭ་མོ་ནག་པོ་བཙན་གྱིས་གཡོགས་སོང་།
ཞྭ་དེ་མ་བཤུས་ལོ་དང་ཟླ་བའི་ཁྲོད་ནས།
མི་འདོད་སྡུག་གི་དམྱལ་བ་ས་ཁར་མྱོང་སོང་།
ཡིད་བཞིན་ནོར་ལས་ལྷག་པའི་སྐད་ཡིག་ཅིག་ལ།
ཐབས་ཇུས་སྟོང་གི་དྲ་བས་ལྐོག་ནས་བསྡམས་སོང་།
དྲ་དེ་མ་གློད་ལོ་དང་ཟླ་བའི་ཁྲོད་ནས།
གདོང་དམར་ས་ཡ་དྲུག་གི་ངག་སྒོ་འགག་སོང་།
ཉི་མ་སྤྲིན་གྱིས་བསྒྲིབས་པའི་ལོ་དང་ཟླ།
ཟླ་བ་སྨག་གིས་ཟོས་པའི་ཉིན་དང་མཚན་མོ།
འཇིག་རྟེན་མུན་པས་བཟུང་བའི་དུས་ཀྱི་ཡུན་དེ།
ང་དང་གངས་ཅན་བོད་པའི་ཕམ་ཁ་ཡིན་སོང་།