ཟླ་བ་ ༡༠ ཚེས ༡༢ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༢ རེས་གཟའ་ཟླ་བ།

༄༅། །འདི་གར་མེའོ་ཆོས་འཕེལ་གླིང་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། འདི་གའི་མངའ་གཞུང་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་སཱམ་ལོང་མོ་སང་མཆོག་གིས་འདི་གའི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་ད་བར་གཞིས་སྒར་དུ་ཏོག་དབྱིབས་གཉན་རིམས་སྔོན་འགོག་དང་། དེ་སྔ་སྒོ་རྒྱ་བསྡམས་པའི་དུས་སྐབས་དེར་གཡས་གཡོན་ཡུལ་མིར་སྐམ་ཟས་བགོ་འགྲེམས་བྱས་ཡོད་པ་སོགས་ལ་བསྔགས་བརྗོད་མཚོན་ཕྱིར་ཚོགས་ཆུང་ཆེད་ཧིན་སྒོར་འབུམ་གཅིག་ཞལ་འདེབས་ཚོགས་ཆུང་གི་སྐུ་ཚབ་མཉམ་འབྲེལ་ཚོགས་གཙོ་དང་མཉམ་དྲུང་རྣམ་གཉིས་བརྒྱུད་བསྐུར་གནང་འདུག་པ་དེར་ཐུགས་རྗེ་ཆེ་ཞུའི་ཕྱག་བྲིས་ཤིག་དང་། ལྷག་དོན་འདི་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༥ ཕེབས་པར་བཀའ་དྲིན་རྗེས་དྲན་མཚོན་ཕྱིར་ས་གནས་འགོ་འཛིན་ནས་ཁོང་ལ་དྲན་རྟེན་ཕྱག་རྟག་ཤིག་དང་ལས་དྲུང་བསྟན་འཛིན་རང་གྲོལ་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བདག་ཉིད་ཆེན་པོ་གཱན་དྷི་མཆོག་རྣམ་གཉིས་ནས་འཚེ་མེད་ཞི་བའི་ལྟ་གྲུབ་དང་། བྱམས་སྙིང་རྗེའི་སྐོར་གྱི་བཀའ་སློབ་དག་ཕྱོགས་སྒྲིག་ཞུས་པའི་ཕྱག་དེབ་བཅས་ཁོང་གི་བཞུགས་གནས་སུ་ཆེད་བཅར་གྱི་ཕུལ་ཐུབ་པ་བྱུང་ཡོད།

སྐབས་དེར་ཁོང་གིས་འདི་གའི་གཞིས་སྒར་གྱི་མི་མང་སྤྱི་ཁང་ཉམས་གསོ་དང་མངའ་གཞུང་གི་ཟ་འབྲུ་རིགས་བོད་མིར་མང་ཙམ་ཐོབ་རྒྱུ་བཅས་གནས་དོན་གཉིས་ཐད་ཀར་མངའ་གཞུང་གི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་ལ་ཞུས་ཡོད་སྐོར་གསུངས་བྱུང་།

གཞན་ཡང་ས་གནས་འགོ་འཛིན་གྱིས་ཁོང་ལ་གཞིས་སྒར་དུ་ཆུའི་དཀའ་ངལ་སྐོར་སྙན་གསེང་ཞུས་རྗེས་གཞིས་གྲོང་ལྔའི་སྤྱི་མི་ལས་ཁང་གི་སྐུ་ཚབ་གཞིས་གྲོང་བཞི་པ་དང་ལྔ་པའི་སྤྱི་མི་རྣམ་གཉིས་ནས་ཞུ་སྙན་ཞིག་ཕུལ་ཡོད་པ་དེར་སྐུ་ཞབས་སཱམ་ལོང་མོ་སང་མཆོག་གིས་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་ཐོབ་བྱུང་། འདི་གའི་ས་གནས་འགོ་འཛིན་ལས་ཁང་ནས་བོད་མིའི་སྒྲིག་འཛུགས་དང་གཞིས་སྒར་མི་མང་ཚང་མས་ཚབ་ཞུས་ཏེ་ཁོང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། །