གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༣༠ རེས་གཟའ་པ་སངས།

༄༅། །ཉེ་ཆར་ཨ་རི་གཞུང་གིས་བསྐོ་ཞག་གནང་བའི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་རོ་བྷར་ཊི་ཌེ་སི་ཊི་རོ་ Robert A. Destro  མཆོག་ལ་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཁང་གི་མདོ་འཛིན་པ་བསྟན་འཛིན་འཆི་མེད་ལགས་ཀྱིས་བོད་དོན་དང་འབྲེལ་བའི་སྐོར་དྲ་ཐོག་ནས་བཅར་འདྲི་ཞུ་སྐབས་ཁོང་གིས་གསུང་དོན། ཕྲན་རང་ཉིད་ལ་སེམས་འགུལ་ཧ་ཅང་ཆེན་པོ་ཞིག་ཐེབས་པ་ནི། ཨ་རི་གཞུང་གིས་རང་ཉིད་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་རྗེས་བོད་མིའི་ཚོགས་སྡེ་ཁག་ནས་རྒྱབ་སྐྱོར་དང་། བོད་དོན་ཆེད་ཕྱག་ལས་གནང་རྒྱུའི་འདུན་པ་ཤུགས་ཆེ་བསྟན་སོང་།  རང་ཉིད་ལ་སེམས་འགུལ་ཧ་ཅང་ཆེན་པོ་ཞིག་ཐེབས་པ་ནི་དེ་རེད། ཅེས་དང་།

བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་ཁྱབ་ལས་ཁུངས་སུ་ཐུག་འཕྲད་བྱུང་བས་ང་ཚོ་ཧ་ཅང་དགའ་པོ་བྱུང་། ཨ་རིའི་གཞུང་གི་ངོས་ནས་ད་བར་འཛམ་གླིང་གང་སར་གནས་པའི་བཙན་བྱོལ་བོད་མི་ཚོར་རོགས་རམ་གནང་དང་གནང་བཞིན་པ་རེད། མ་འོངས་པ་ཡིན་ནའང་ཨ་རི་གཞུང་གིས་མུ་མཐུད་བཙན་བྱོལ་བོད་མི་རྣམས་ལ་རོགས་རམ་གནང་གི་རེད། ཅེས་གསུང་།

དཔལ་ལྡན་སྲིད་སྐྱོང་མཆོག་དང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་རོ་བྷར་ཊི་ཌེ་སི་ཊི་རོ་མཆོག་ལོ་རྒྱུས་རང་བཞིན་ལྡན་པའི་ཐུག་འཕྲད་གནང་བར། རྒྱ་ནག་གཞུང་གིས་སྐྱོན་བརྗོད་དང་ཁོང་ཁྲོའི་རྣམ་པ་ཤུགས་ཆེན་པོ་བསྟན་ཡོད་པའི་སྐོར་ལ། སྐུ་ཞབས་རོ་བྷར་ཊི་ཌེ་སི་ཊི་རོ་མཆོག་གིས། རྒྱ་ནག་གིས་སྐྱོན་བརྗོད་བྱེད་དགོས་བསམ་ན་སྐྱོན་བརྗོད་བྱེད་རྒྱུའི་ཐོབ་ཐང་ཡོད། དེ་བཞིན་ང་ཚོ་ལའང་མི་སུ་དང་ལྷན་ཚོགས་འདུ་འཚོགས་དགོས་ན་ཚོགས་འདུ་འཚོགས་རྒྱུའི་ཐོབ་ཐང་ཡོད། དེར་བརྟེན་རྒྱ་ནག་གིས་སྐྱོན་བརྗོད་བྱས་པ་དེ་ངས་གནད་དོན་གལ་ཆེན་ཞིག་ལ་རྩི་ཡི་མེད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ལི་ཏིང་ཧུའེམཆོག་གི་དགོངས་རྫོགས་རྗེས་དྲན་གཞུང་འབྲེལ་མཛད་སྒོར་བརྙན་འཕྲིན་བརྒྱུད་བཀའ་སློབ་སྩལ་བའི་སྐོར་སྐུ་ཞབས་རོ་བྷར་ཊི་ཌེ་སི་ཊི་རོ་མཆོག་གིས་གསུང་དོན། རང་ཉིད་ནམ་རྒྱུན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགའ་མོས་བྱེད་མཁན་ཞིག་ཡིན། ལྷག་པར་ངས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བརྙན་འཕྲིན་དེ་མཇལ་རྗེས་སེམས་འགུལ་ཧ་ཅང་ཐེབས་བྱུང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་དངོས་གནས་དྲང་གནས་མི་ལ་སེམས་ཤུགས་སྦྱིན་ནུས་པའི་སྐྱེས་བུ་དམ་པ་ཞིག་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷག་བསམ་རྣམ་དག་གི་སྒོ་ནས་འཛམ་གླིང་ནང་འགྲོ་དོན་སྐྱོང་བཞིན་པ་དང་། ལྷག་པར་མགོན་པོ་གང་ཉིད་མཆོག་གིས་ཐེ་ཝན་གྱི་འཛིན་ཟུར་པ་སྐུ་ཞབས་ལི་ཏིང་ཧུའེ་མཆོག་གི་དགོངས་རྫོགས་རྗེས་དྲན་གཞུང་འབྲེལ་མཛད་སྒོར་བརྙན་འཕྲིན་བརྒྱུད་བཀའ་སློབ་སྩལ་བ་དེ་དག་ནི་དངོས་གནས་དྲང་གནས་སེམས་ཤུགས་བསྐྱེད་འོས་པ་ཞིག་རེད། ཅེས་དང་།  

གཞན་ཡང་སྐུ་ཞབས་རོ་བྷར་ཊི་ཌེ་སི་ཊི་རོ་མཆོག་གིས་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་སྐོར་གསུང་དོན། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་ཁུངས་ཀྱི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་སུ་ཞུ་གཏུག་གི་ལས་འགུལ་སྤེལ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། ཅེས་གསུངས་། ཕྱོགས་མཚུངས་རྒྱལ་སྤྱིའི་ཐོག་ནས་བོད་མི་ཚོས་སྐུ་ཞབས་རོ་བྷར་ཊི་ཌེ་སི་ཊི་རོ་མཆོག་ལ་རེ་བ་ཞིག་རྒྱག་བཞིན་པའི་ཐད་ལ། ཁོང་གིས་ཨ་རི་གཞུང་དང་ཁོང་རང་ཉིད་ནས་བོད་དོན་སླད་དམིགས་བསལ་གྱིས་ཐུགས་ཁུར་བཞེས་གནང་གི་ཡོད་པའི་སྐོར་གསུངས།།

བརྙན་འཕྲིན་གཟིགས་ཆེད་འདིར་གནོན།