གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༦ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༥ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་གཞུང་འབྲེལ་ཐོག་ཐེངས་དང་པོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་ཁྱབ་ལས་ཁུངས་ཧར་རེ་ཊི་རུ་མན་ Harry S. Truman building ནང་གཞུང་འབྲེལ་མགྲོན་འབོད་གནང་སྟེ་བོད་མིའི་སྒྲིག་འཛུགས་དང་ཨ་རིའི་དབར་གྱི་འབྲེལ་ལམ་ཡར་རྒྱས་གོང་འཕེལ་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་བསྐྲུན་ཡོད།

དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་ཉེ་ཆར་ཨ་རི་གཞུང་གིས་བསྐོ་གཞག་གནང་བའི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གསར་པ་སྐུ་ཞབས་རོ་བྷར་ཊི་ཌེ་སི་ཊི་རོ་ Robert A. Destro  མཆོག་དང་ཐུག་འཕྲད་གནང་ཡོད། ཨ་རི་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གསར་པ་བསྐོ་གཞག་གནང་བའི་སྐོར་གྱི་གནས་ཚུལ་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་བྷི་ལོམ་བྷག Bloomberg ཞེས་པའི་གསར་ཁང་གིས་སྤེལ་ཡོད་པ་དང་།  ཆུ་ཚོད་ཁ་ཤས་རྗེས་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཇན་ Zhao Lijian གྱིས་ཨ་རི་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་རོ་བྷར་ཊི་ཌེ་སི་ཊི་རོ་མཆོག་བསྐོ་གཞག་གནང་བ་དེ་ཆབ་སྲིད་ཀྱི་གཡོ་བཀོལ་དང་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས། བོད་ནང་བརྟན་ལྷིང་མེད་པར་གཏོང་ཆེད་བཟོས་པ་རེད་ཅེས་སྐྱོན་བརྗོད་བྱས་ཡོད།

ཕྱི་ལོ་ ༢༠༡༡ ཟླ་ ༩ ནང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྲིད་སྐྱོང་དམ་འབུལ་གནང་མ་ཐག་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས་གཞུང་འབྲེལ་ཐོག་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ལ་ཕྱག་བྲིས་ཤིག་གནང་སྟེ་དཔལ་ལྡན་སྲིད་སྐྱོང་མཆོག་ཨ་རིའི་ཕྱི་སྲིད་ལྷན་ཁང་ལ་བཅར་ཐུབ་མིན་སྐོར་འབྲེལ་བ་གནང་ཡོད། ལོ་དགུའི་རྗེས་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་རང་དབང་ལྡན་པའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་དང་གཅིག་མཚུངས་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་ཨ་རིའི་ཕྱི་སྲིད་ལྷན་ཁང་ནང་ཐུག་འཕྲད་གནང་དགོས་པའི་འཐབ་ཇུས་ཀྱི་གལ་གནད་གཟིགས་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༢༠༡༡ ནས་ ༢༠༡༨ བར་གཞུང་འབྲེལ་མིན་པའི་ཐོག་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ལས་བྱེད་མི་སྣ་ཚོ་དང་ལྷན་ཟ་ཁང་ཁག་གི་ནང་ཐུག་འཕྲད་གནང་ཡོད་ཀྱང་ཐུག་འཕྲད་སྐོར་གྱི་གནས་ཚུལ་རྣམས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ལས་བྱེད་རྣམ་པས་གསང་ཉར་བྱས་ཡོད་པ་མ་ཟད། འདྲ་པར་ཡང་རྒྱག་བཅུག་མེད།

ཕྱི་ལོ་ ༢༠༡༩ ལོར་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ལས་བྱེད་མི་སྣ་ཚོས་དཔལ་ལྡན་སྲིད་སྐྱོང་མཆོག་དང་ཐུག་འཕྲད་ཞུས་པའི་སྐོར་ཊུ་ཝི་ཊར་ tweeter ནང་རྒྱབ་སྐྱོར་གྱི་ཚུལ་དུ་བཀོད་ཡོད། བོད་དོན་ཞུ་གཏུག་གི་ལས་འགུལ་སྔར་ལྷག་དོན་སྨིན་ལྡན་པ་ཞིག་སྤེལ་སླད་ཕྱི་ལོ་ ༢༠༡༤ ལོར་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ནིའུ་ཡོག་གྲོང་ཁྱེར་ནས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ལ་གནས་སྤོ་གནང་ཡོད། འདས་པའི་ལོ་ངོ་དྲུག་རིང་ཨ་རིའི་སྐུ་ཚབ་དོན་གཅོད་དང་དོན་གཅོད་ཁང་གི་ལས་བྱེད་རྣམ་པས་དཀའ་ངལ་ལ་མ་འཛེམ་པར་ཨ་རིའི་གྲོས་ཚོགས་འཐུས་མི་རྣམ་པ་དང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ལས་བྱེད་རྣམ་པ། དེ་བཞིན་ཨ་རིའི་ཕོ་བྲང་དཀར་པོའི་ལས་བྱེད་རྣམ་པ་སོགས་དང་ཐུག་འཕྲད་གནང་ཡོད། 

ན་ནིང་ལོར་ཨ་རིའི་ཕྱི་སྲིད་ལྷན་ཁང་ནང་བོད་པའི་ལོ་གསར་སྲུང་བརྩི་ཞུས་ཡོད། སྐབས་དེར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ལས་བྱེད་རྣམ་པ་ཚོ་དང་ལྷན་བོད་པའི་ལོ་གསར་སྲུང་བརྩི་སྐོར་གསུང་གཤད་གནང་ཡོད། དེ་བཞིན་ཨ་རིའི་ཤར་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་ས་ཁུལ་གྱི་ལས་དོན་ཚན་པའི་ Bureau of East Asian and Pacific Affairs དྲུང་ཆེ་ལས་རོགས་ཌེ་ཝི་ཌི་སི་ཊིལ་ཝེལ་ David Stilwell མཆོག་དང་། ཨ་རིའི་ལྷོ་དབུས་ཨེ་ཤི་ཡའི་ལས་དོན་ཚོགས་ཆུང་གི་དྲུང་ཆེའི་ལས་རོགས་གཞོན་པ་ཐོ་མ་སི་ Thomas Vajda མཆོག   ཨ་རིའི་མི་འབོར་དང་སྐྱབས་བཅོལ། གཞིས་སྤོ་ལས་དོན་ཚན་པའི་དྲུང་ཆེ་ལས་རོགས་གཞོན་པ་རི་ཆར་ཌི་ Richard Albright མཆོག ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གི་ཆེས་མཐོའི་སྐུ་ཚབ་བྷི་རོན་བྷད་ཀི་ Brownback མཆོག ཨ་རིའི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་གོང་འཕེལ་ཚན་པའི་དྲུང་ཆེ་ལས་རོགས་རོ་བྷར་ཊི་ Robert Destro མཆོག་བཅས་མཉམ་ཞུགས་གནང་སྟེ་བོད་པའི་ལོ་གསར་སྲུང་བརྩི་དང་གསུང་བཤད་གནང་ཡོད། 

དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་རོ་བྷར་ཊི་ཌེ་སི་ཊི་རོ་མཆོག་དང་ལྷན་ཐུག་འཕྲད་གནང་སྟེ་སྐུ་ཞབས་རོ་བྷར་ཊི་ཌེ་སི་ཊི་རོ་མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་བར་དགའ་བསུ་གནང་ཡོད། སྐབས་དེར་སྐུ་ཞབས་རོ་བྷར་ཊི་ཌེ་སི་ཊི་རོ་མཆོག་གིས་ཁོང་དང་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བཙན་བྱོལ་བོད་མི་རྣམས་ལ་ཕྱག་རོགས་ག་རེ་ཞུ་དགོས་མིན་ཐད་དཔལ་ལྡན་སྲིད་སྐྱོང་མཆོག་ལ་བཀའ་འདྲི་ཞུས་པར། 

དཔལ་ལྡན་སྲིད་སྐྱོང་མཆོག་གིས། ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ Tibetan Policy and Support Act 2020 དེ་གང་མགྱོགས་ཨ་རིའིི་གྲོས་ཚོགས་གོང་མའི་ནང་མང་མོས་ཀྱིས་རྒྱབ་སྐྱོར་གནང་དགོས་པའི་གལ་གནད་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ། བོད་དང་ཤར་ཏུར་ཀི་སི་ཐན་སྐོར་ཉམས་ཞིབ་གནང་མཁན་ཨེ་ཌི་རི་ཨན་ཛན་ཛི་ Adrian Zenz ལགས་ཀྱིས་བོད་ནང་རྒྱ་ནག་གཞུང་གིས་དབུལ་ཕོངས་ངལ་སེལ་ལས་གཞི་ལག་བསྟར་བྱས་ཏེ་བོད་མི་འབུམ་ལྔ་ལྷག་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་ཡོད་པའི་སྐོར་ཉམས་ཞིབ་གནང་སྟེ་སྙན་ཐོ་བཏོན་ཡོད་པ་དང་། ངལ་རྩོལ་ལས་གཞི་དེ་ཡིས་བོད་པའི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་སོགས་རྩ་བརླག་ཏུ་གཏོང་བཞིན་པའི་སྐོར་དང་། དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག་སྐུ་ཞབས་རོ་བྷར་ཊི་ཌེ་སི་ཊི་རོ་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་བོད་རྒྱ་གྲོས་མོལ་བསྐྱར་གསོ་བྱེད་དགོས་པའི་རྒྱ་ནག་གཞུང་ལ་འབོད་སྐུལ་གནང་རོགས་གནང་ཞེས་གསུངས་ཡོད།

གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐུ་ཞབས་རོ་བྷར་ཊི་ཌེ་སི་ཊི་རོ་མཆོག་བོད་མིའི་སྒྲིག་འཛུགས་ལ་གཟིགས་སྐོར་ཕེབས་རོགས་ཞེས་གསུངས་ཡོད། སྐུ་ཞབས་རོ་བྷར་ཊི་ཌེ་སི་ཊི་རོ་མཆོག་གིས་དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་མཉམ་རུབ་ཀྱིས་ལས་དོན་རྣམས་བསྒྲུབ་ངེས་ཞེས་གསུངས། སྐུ་ཞབས་རོ་བྷར་ཊི་ཌེ་སི་ཊི་རོ་མཆོག་དང་ལྷན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་གོང་འཕེལ་ལས་དོན་ཚོགས་ཆུང་གི་དྲུང་ཆེ་ལས་རོགས་སི་ཁོ་ཊི་ Scott Busby མཆོག་ཀྱང་ཕེབས་ཡོད། 

ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས། དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ལས་ཁུངས་དགུ་ཡིས་མོས་མཐུན་ཡོད་པའི་ཐོག་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ལས་བྱེད་རྣམ་པས་ཐུག་འཕྲད་གནང་ཡོད། ཅེས་གསུངས། 

གཞན་ཡང་དཔ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་མི་འབོར་དང་སྐྱབས་བཅོལ། གཞིས་སྤོ་ལས་དོན་ཚན་པའི་དྲུང་ཆེ་ལས་རོགས་གཞོན་པ་རི་ཆར་ཌི་ Richard Albright མཆོག་དང་། དྲུང་ཆེ་ལས་རོགས་གཞོན་པ་གཙོ་བོ་ཁར་ལོ་ཐོམ་སན་ Carol Thompson O’Connell མཆོག་དང་ཐུག་འཕྲད་གནང་ཡོད་པ་མ་ཟད། ཨ་རིའི་ཕོ་བྲང་དཀར་པོའི་ལས་བྱེད་རྒན་པ་ཁག་གཅིག་ལའང་ཐུག་འཕྲད་གནང་ཡོད། །