ཟླ་བ་ ༡༠ ཚེས ༡༣ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༣ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༢ ཉིན་ ༢༠༠༠ ཞི་བདེའི་གླེང་སྟེགས་ཐེབས་རྩ་ཞེས་པའི་གོ་སྒྲིག་འོག་རྒྱ་ནག་ཐོག་ཝ་སི་ལབ་ཧ་ཝེལ་   Vaclav Havel འགྲོ་བ་མིའི་ཐོབ་ཐང་ཆེད་དོན་བགྲོ་གླེང་ཞེས་པ་ཚོགས་ཡོད་པ་དང་། བགྲོ་གླེང་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་།  ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་ U.S. Commission on International Religious Freedom འགན་འཛིན་ནུ་རེ་ Nury A. Turkel མཆོག  ཧོང་ཀོང་ནང་གནས་བཞུགས་སྒྱུ་རྩལ་བ་གྲགས་ཅན་ལོ་རེ་ཊ་ལའོ་ Loretta Lau ལགས་བཅས་མཉམ་ཞུགས་གནང་ཡོད།

དེ་ཡང་བགྲོ་གླེང་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་དོན།  རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཇེ་ཞན་དུ་འགྲོ་བཞིན་ཡོད། ང་ཚོ་ད་ལྟ་གཉན་འཕྲང་ཅན་གྱི་དུས་ཚོད་ཅིག་གི་འོག་གནས་ཡོད་པ་དང་། ང་ཚོས་རྒྱ་ནག་བསྒྱུར་བ་གཏོང་དགོས་པའི་ཐག་གཅོད་བྱེད་དགོས་པ་དང་། ཡང་ན་རྒྱ་ནག་གིས་ང་ཚོ་བསྒྱུར་བ་གཏོང་དགོས་པའི་ཐག་གཅོད་བྱེད་དགོས་པའི་དུས་ཚོད་སླེབས་ཡོད། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པ་མ་ཟད། ཕྱི་གསལ་ནང་གསལ་ཡང་བྱེད་བཞིན་མེད་པས་ཡུ་རོབ་རྒྱལ་ཁབ་ཁག་གིས་ངེས་པར་དེའི་ཐད་དོ་སྣང་བྱེད་དགོས། ཞེས་དང་།

གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ཉེ་ཆར་ནོར་ཝེ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་བཟའ་ཆས་ལས་གཞི་ཚོགས་པར་ཞི་བདེའི་གཟེངས་རྟགས་ཕུལ་ཡོད། དངོས་གནས་བྱས་ན་ནོར་ཝེ་ཞི་བདེ་གཟེངས་རྟགས་ཚོགས་ཆུང་གིས་ཧོང་ཀོང་དང་ཤར་ཏུར་ཀི་སི་ཐན་ནང་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོར་ཞི་བདེ་གཟེངས་རྟགས་འབུལ་དགོས་ངེས་རེད། འདི་ལོ་ཕྱི་ཟླ་ ༨ ཟླ་མཇུག་ཏུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དབང་དབྱི་ནོར་ཝེའི་རྒྱལ་ས་ཨོ་སི་ལོར་ཡོང་ནས་ནོར་ཝེ་གཞུང་ལ་ལོ་ངོ་བཅུ་ཕྲག་གཅིག་གི་གོང་ཞི་བདེའི་གཟེངས་རྟགས་རྒྱ་རིགས་ལིག་ཤའོ་པོ་ལགས་ལ་ཕུལ་བའི་ནོར་འཁྲུལ་དེ་བསྐྱར་ཟློས་བྱ་མི་རུང་བ་དང་། ཧོང་ཀོང་དང་ཤར་ཏུར་ཀི་སི་ཐན་ནང་གི་མང་གཙོ་དོན་གཉེར་བ་ཚོར་ཕྱི་ལོ་ ༢༠༢༠ ལོའི་ཞི་བདེའི་གཟེངས་རྟགས་འབུལ་མི་ཆོག་པའི་ཉེན་བརྡ་བཏང་ཡོད།

ནོར་ཝེ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་ཧོང་ཀོང་དང་ཤར་ཏུར་ཀི་སི་ཐན་ནང་གི་མང་གཙོ་དོན་གཉེར་བ་ཚོར་ཞི་བདེའི་གཟེངས་རྟགས་མ་ཕུལ་བ་དེ་ནོར་ཝེ་ཞི་བདེ་གཟེངས་རྟགས་ཚོགས་ཆུང་གིས་རྒྱ་ནག་གཞུང་ལ་ངོ་དགའ་སྤྲེལ་ལད་འཁྲབས་པ་རེད། དེས་རྒྱ་ནག་གཞུང་གིས་འགྲོ་བ་མིའིི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་མ་ཟད། རྒྱལ་སྤྱིའི་སྒྲིག་འཛུགས་ལའང་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་དཔང་རྟགས་གསལ་པོར་བསྟན་ཡོད། ཅེས་གསུངས།

ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་ཡན་ལག་ཚོགས་པ་གནད་འགག་ཅན་ ༡༥ རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཡིས་བཟུང་སྟེ་འཛམ་གླིང་སྒྲིག་འཛུགས་ལ་ཤུགས་རྐྱེན་སྤྲོད་བཞིན་ཡོད།  བོད་དང་ཤར་ཏུར་ཀི་སི་ཐན་སྐོར་ཉམས་ཞིབ་གནང་མཁན་ཨེ་ཌི་རི་ཨན་ཛན་ཛི་ Adrian Zenz ལགས་ཀྱིས་བོད་ནང་རྒྱ་ནག་གཞུང་གིས་དབུལ་ཕོངས་ངལ་སེལ་ལས་གཞི་ཟེར་བ་ལག་བསྟར་བྱས་ཏེ་བོད་མི་འབུམ་ལྔ་ལྷག་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་ཡོད་པའི་སྐོར་ཉམས་ཞིབ་གནང་སྟེ་སྙན་ཐོ་བཏོན་ཡོད་པ་དང་། ངལ་རྩོལ་ལས་གཞི་དེ་ཡིས་བོད་དང་ཤར་ཏུར་ཀི་སི་ཐན་ནང་གི་གཞོན་སྐྱེས་ཚོའི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་སོགས་རྩ་བརླག་ཏུ་གཏོང་བཞིན་ཡོད།

རྒྱལ་སྤྱིའི་འགོ་ཁྲིད་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་གི་མེད། རྒྱུ་མཚན་ནི་དཔལ་འབྱོར་དང་ཚོང་འབྲེལ་གྱི་འབྲེལ་ལམ་ལ་གནོད་ཡོང་བསམ་གྱི་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་གོ་སྐབས་དེ་བཟུང་ནས་མུ་མཐུད་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད། ཅེས་སོགས་གསུངས།།