ཟླ་བ་ ༡༠ ཚེས ༩ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༩ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་འཇར་མན་ནིའི་ཌུ་ཆི་ཝེལ་ Deutsche Welle ཞེས་པའི་བརྙན་འཕྲིན་ལས་ཁང་གི་མདོ་འཛིན་པ་ཨན་ཐོ་ནེ་ཧོ་ཝར་ཌི་ Anthony Howard ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ས་དབང་སྒྱུར་བྱས་ཏེ་ལོ་ངོ་ ༧༠ འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ་ནས་བཅར་འདྲི་ཞུས་ཡོད།

དེ་ཡང་ཨན་ཐོ་ནེ་ཧོ་ཝར་ཌི་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ས་དབང་སྒྱུར་བྱས་ཏེ་ལོ་ངོ་ ༧༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པའི་གལ་གནད་སྐོར་བཀའ་འདྲི་ཞུ་སྐབས། དཔལ་ལྡན་སྲིད་སྐྱོང་མཆོག་གིས། ང་ཚོར་མཚོན་ན་དུས་དྲན་དེ་ནི་རྒྱ་ནག་གཞུང་གིས་ཁྲིམས་འགལ་དང་དྲག་པོའི་སྒོ་ནས་བོད་ས་དབང་སྒྱུར་བྱས་པ་ཞིག་རེད། ཅེས་དང་།  རྒྱ་ནག་གི་དམག་མིའི་ཡིག་མཛོད་ནང་འཁོད་པ་ལྟར་ན། ཕྱི་ལོ་ ༡༩༥༩ ཟླ་ ༣ ནས་ཕྱི་ལོ་ ༡༩༦༠ བར་བོད་མི་༨༧༠༠༠ དམར་གསོད་དང་། དགོན་སྡེ་བརྒྱ་ཆ་ ༩༨ ལྷག་གཏོར་བཤིག་བཏང་བ། གྲྭ་བཙུན་བརྒྱ་ཆ་ ༩༩ བཙན་དབང་ཐོག་ནས་སྐྱ་སར་ཕབ་པ་རེད། དེ་སྔ་རྒྱ་ནག་གི་གཙོ་འཛིན་མའོ་ཙེ་ཏུང་གིས་བོད་ནི་ལག་མཐིལ་ཡིན་ཞིང་། དང་པོ་བོད་ས་དབང་སྒྱུར་བྱེད་དགོས་པ་དང་། དེ་ནས་མཛུག་གུ་ལྔ་ལ་དྭགས་དང་། འབྲས་ལྗོངས། ཨ་རུ་ནཱ་ཅལ། བལ་ཡུལ། འབྲུག་བཅས་དབང་སྒྱུར་བྱེད་དགོས་ཞེས་བརྗོད་ཡོད།

རྒྱ་ནག་གིས་ས་ཁུལ་དེ་དག་དབང་སྒྱུར་བྱ་རྒྱུའི་སྲིད་བྱུསསྔོན་ནས་བཟོས་ཡོད། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཁོ་པ་རང་ཉིད་ནས་རྒྱ་ནག་ནང་བརྟན་ལྷིང་དང་བདེ་འཇགས་ཡོང་མིན་ནི་གཙོ་བོ་བོད་ནང་བརྟན་ལྷིང་དང་བདེ་འཇགས་ཡོང་མིན་ལ་རག་ལུས་ཡོད་ཅེས་བོད་ཀྱི་གལ་གནད་སྐོར་བཤད་ཡོད། རྒྱ་ནག་གཞུང་གིས་བོད་ནང་ཡི་གེ་འབྲི་ཀློག་གི་གྲངས་ཚད་བརྒྱ་ཆ་ ༥ ནས་ ༨༥ ལ་སླེབས་ཡོད། ཅེས་བསྒྲགས་ཡོད། བཙན་བྱོལ་ནང་མཚོན་ན་ཡི་གེ་འབྲི་ཀློག་གི་གྲངས་ཚད་བརྒྱ་ཆ་ ༩༤ ལ་སླེབས་ཡོད། རྒྱ་ནག་གཞུང་གིས་བོད་ནང་གཞུང་ལམ་དང་མེ་འཁོར་ལྕགས་ལམ་བཙུགས་ཏེ་བོད་ཀྱི་གཏེར་ཁ་རྣམས་རྒྱ་ནག་ལ་འོར་འདྲེན་བྱེད་བཞིན་ཡོད་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་གནམ་ཐང་ཁག་འཛུགས་སྐྲུན་བྱས་ཏེ་རྒྱ་རིགས་གང་མང་བོད་ནང་ཡོང་འཇུག་གི་ཡོད། རྒྱ་ནག་གཞུང་གིས་བོད་ནང་ཡར་རྒྱས་ཀྱི་ལས་གཞི་ལག་བསྟར་བྱེད་བཞིན་ཡོད་པའི་སྐོར་བརྗོད་ཀྱི་ཡོད། དོན་དངོས་སུ་ཡར་རྒྱས་ཀྱི་ལས་གཞི་དེ་དག་ཚང་མ་བོད་མི་ལས་རྒྱ་རིགས་རྣམས་ལ་ཕན་གྱི་ཡོད།

ཨན་ཐོ་ནེ་ཧོ་ཝར་ཌི་ལགས་ཀྱིས།  རྒྱ་ནག་དང་མཉམ་བོད་དོན་ཆེད་འཐབ་རྩོད་བྱེད་སྐབས་དཀའ་ངལ་ཇི་ལྟར་འཕྲད་བཞིན་པའི་སྐོར་བཀའ་འདྲི་ཞུ་སྐབས། དཔལ་ལྡན་སྲིད་སྐྱོང་མཆོག་གིས། འདས་པའི་ལོ་ངོ་ ༦༠ རིང་ང་ཚོ་སོ་སོའི་རྐང་པའི་ཐོག་ལངས་ནས་འཚེ་མེད་ཞི་བའི་ངང་ནས་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་ཀྱི་ཡོད། ཅེས་ལན་འདེབས་གནང་ཡོད།།