ཟླ་བ་ ༩ ཚེས ༡༤ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།
ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༤ རེས་གཟའ་ཟླ་བ། 
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་མོ་མཆོག་གིས་བརྟན་ལྷིང་མེད་པའི་གནས་སྟངས་འོག་འགྲོ་བ་མིའི་རང་བཞིན་བཟང་པོ་གོང་མཐོར་གཏོང་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་དྲ་ལམ་བརྒྱུད་བགྲོ་གླེང་མཛད་གཏན་འཁེལ་འདུག
དེ་ཡང་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་དྲ་རྒྱའི་ནང་གསལ་ལྟར་ན།  ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༧ ཉིན་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྟན་ལྷིང་མེད་པའི་གནས་སྟངས་འོག་འགྲོ་བ་མིའི་རང་བཞིན་བཟང་པོ་གོང་མཐོར་གཏོང་ཚུལ་ Cultivating our Common Humanity amidst Uncertainty ཞེས་པའི་བརྗོད་གཞིའི་ཐོག་༸གོང་ས་མཆོག་དང་ལྷན་དུ་སེམས་དང་སྲོག་གི་ཚོགས་པའི་ཡོ་རོབ་ཡན་ལག་གི་འགོ་འཛིན་ཨེ་མི་ཀོ་ཧེན་ཝ་རེ་ལ་ Amy Cohen Varela ལགས་དང་། མེད་ཐིའུ་རི་ཀཱ་ད་ Matthieu Ricard ལགས།  ཨཱར་ཧུ་སི་གཙུག་ལག་མཐོ་སློབ་ཁང་གི་ཕན་ཚུན་སེམས་ཀྱི་འབྲེལ་འདྲིས་བསྟི་གནས་ཁང་གི་སློབ་དཔོན་ཆེན་པོ་ཨན་རྡི་རེསི་རོབ་སི་ཏོརཕ་ Andreas Roepstorff ལགས་བཅས་ནས་བགྲོ་གླེང་གནང་རྒྱུ་དང་། ད་ལམ་གྱི་ཐད་སྲིང་བགྲོ་གླེང་གསན་གཟིགས་གནང་མཁན་ཚོས་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་བོད་ཨིན་རྒྱ་སྐད་སོགས་སྐད་རིགས་མི་འདྲ་བ་དུ་མའི་ནང་དགའ་ལྡན་ཕོ་བྲང་གི་དྲ་རྒྱ་དང་ངོ་དེབ་སོགས་བརྒྱུད་གསན་གཟིགས་གནང་དགོས་པ་དགོངས་འཇགས་འཚལ། །