ཟླ་བ་ ༩ ཚེས ༡༡ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༡ རེས་གཟའ་པ་སངས། 

༄༅། །འཛམ་གླིང་གང་སར་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་དུ་འགྲོ་བཞིན་པའི་སྐབས་འགྲོ་བ་མིའི་སེམས་ཞི་བདེ་བག་ཕེབས་ཡོང་བར་དམིགས་ཏེ་ནིའུ་ཛི་ལེན་ཌི་ New Zealand ནང་གནས་སྡོད་ལྕམ་སྐུ་ཇུ་ནེ་ལེ་ཁུ་ནིན་ Junelle Kunin ལགས་དང་ཁོང་གི་སྐུ་ཟླ་ཨ་བྷེ་ཀུ་ནིན་ Abe Kunin ལགས་རྣམ་གཉིས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་མཆོག་གིས་གཟུངས་སྔགས་དང་ཞལ་ལུང་སྩལ་བ་སོགས་ཕྱོགས་བསྒྲིགས་ཀྱིས་ནང་སེམས་ཀྱི་འཇིག་རྟེན་ཞེས་རོལ་དབྱངས་སྒྲིག་སྦྱོར་གནང་སྟེ་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་དང་བསྟུན་དབུ་འབྱེད་གནང་ཡོད་པ་དང་ནང་སེམས་ཀྱི་འཇིག་རྟེན་ཞེས་པའི་རོལ་དབྱངས་དང་འབྲེལ་ནས། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཟླ་རེའི་དུས་དེབ་གྲགས་ཅན་རོལ་ལིང་སི་ཊོན་ Rolling Stone ཞེས་པའི་རྩོམ་པ་པོ་རྒན་པ་ཨེ་ལེག་སི་མོར་རི་སི་Alex Morris ལགས་ཀྱིས་རོལ་ལིང་སི་ཊོན་དུས་དེབ་ཀྱི་དམིགས་བསལ་བཅར་འདྲི་བརྙན་འཕྲིན་འདོན་ཐེངས་གསར་ཤོས་སླད་དུ་ Special Edition video series ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༠ ཉིན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྲ་ལམ་བརྒྱུད་བཅར་འདྲི་ཞུས་པ་གཤམ་གསལ།  

ཨེ་ལེག་སི་མོར་རི་སི་ལགས་ཀྱིས། སྔ་དྲོ་བདེ་ལེགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་བས་ཧ་ཅང་དགའ་པོ་བྱུང་། 

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། སྔ་དྲོ་བདེ་ལེགས། 

ཨེ་ལེག་སི་མོར་རི་སི་ལགས་ཀྱིས།  ལོ་ལྔའི་གོང་ནིའུ་ཛི་ལེན་ཌི་ནས་ཡིན་པའི་བུད་མེད་ཇུ་ནེ་ལེ་ཁུ་ནིན་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་མཆོག་གིས་གཟུངས་སྔགས་དང་ཞལ་ལུང་སྩལ་བ་སོགས་ཕྱོགས་བསྒྲིགས་ཀྱིས་ནང་སེམས་ཀྱི་འཇིག་རྟེན་ཞེས་རོལ་དབྱངས་སྒྲིག་སྦྱོར་ཞུས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་དང་བསྟུན་དབུ་འབྱེད་གནང་ཡོད་པ་དང་། རོལ་དབྱངས་དེ་དབུ་འབྱེད་གནང་པ་ནས་བཟུང་ད་བར་ཉན་མཁན་ས་ཡ་བཞི་དང་ཕྱེད་ཀ་ལྷག་ཟིན་འདུག   རོལ་དབྱངས་ཀྱིས་འགྲོ་བ་མི་ལ་རོགས་རམ་ཇི་ལྟར་གནང་ཐུབ་ཀྱི་ཡོད་དམ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཆོས་ཕྱོགས་ཀྱི་ཆོ་ག་འདོན་པའི་སྐབས་སུའང་རོལ་ཆའི་རིགས་འཁྲོལ་གྱི་ཡོད། དེ་དག་རོལ་དབྱངས་ཀྱི་ཆ་ཤས་ཤིག་རེད། འགྲོ་བ་མི་གཅིག་པུ་མ་ཡིན་པར། རོལ་དབྱངས་ཀྱི་སྒྲས་སེམས་ཅན་གཞན་གྱི་སེམས་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད། རོལ་དབྱངས་ཀྱི་སྒྲས་འབུ་སྲིན་ཕྲ་མོ་ཚོར་ཤུགས་རྐྱེན་ག་ཚོད་ཐེབས་ཀྱི་ཡོད་མེད་ངོས་ཀྱིས་ཤེས་ཀྱི་མེད། ཁྱི་དང་བྱིའུ་སོགས་ཀྱིས་སྒྲ་སྙན་མོ་ཞིག་གོ་ཐོས་བྱུང་བ་དང་སྐྱིད་པོ་ཚོར་གྱི་ཡོད། གློ་བུར་དུ་སྒྲ་ཆེན་པོ་ཞིག་གོ་ཐོས་བྱུང་བ་དང་ཧོན་འཐོར་འགྲོ་གི་རེད།

ཨེ་ལེག་སི་མོར་རི་སི་ལགས་ཀྱིས།  མགོན་པོ་གང་ཉིད་མཆོག་གིས་སེམས་སྤྲོ་གསེང་གནང་ཆེད་རོལ་དབྱངས་ག་རེ་གསན་གནང་གི་ཡོད་དམ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་ཀྱིས་སྒོམ་རྒྱག་གི་ཡོད། དཔྱད་སྒོམ་རྒྱག་གི་ཡོད། དེས་ནང་སེམས་ལ་ཞི་བདེ་སྤྲོད་ཀྱི་འདུག

ཨེ་ལེག་སི་མོར་རི་སི་ལགས་ཀྱིས། གལ་ཏེ་མགོན་པོ་གང་ཉིད་མཆོག་གིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཌི་ཊི་རམ་ཕི་ Donald Trump མཆོག་ལ་མཇལ་འཕྲད་གནང་བ་ཡིན་ན། མགོན་པོ་གང་ཉིད་མཆོག་ལ་ཅི་ཞིག་གསུང་རྒྱུ་ཡོད་དམ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་ཀྱིས་རེ་བ་རྒྱག་གི་ཡོད། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཨ་རི་དང་། རྒྱ་ནག ཨུ་རུ་སུ། རྒྱ་གར་སོགས་ཀྱི་འགོ་ཁྲིད་རྣམ་པ་ཚོས་འགྲོ་བ་མི་ཚང་མ་གཅིག་གྱུར་ཡིན་པའི་སྐོར་དང་། འཛམ་གླིང་སྤྱི་ལ་བསམ་བློ་གཏོང་དགོས་པ་ལས་སོ་སོའི་རྒྱལ་ཁབ་གཅིག་པུར་བསམ་བློ་གཏོང་རྒྱུ་མེད། ཨ་རིའི་སྲིད་འཛིན་གཅིག་པུར་ཞུ་རྒྱུ་གང་ཡང་མེད། ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་སླེབ་ལ་ཉེ་བ་དང་། ཨ་རིའི་མི་མང་གིས་ཐག་གཅོད་གནང་དགོས་པ་ལས་ངོས་རང་ལ་ཞུ་རྒྱུ་གང་ཡང་མེད།
ཨེ་ལེག་སི་མོར་རི་སི་ལགས་ཀྱིས། ཨ་རི་དང་པོ་བྱེད་དགོས་ཞེས་པའི་བསམ་ཚུལ་ཐད་སྐུ་ཉིད་མཆོག་ལ་བསམ་ཚུལ་ཅི་ཞིག་ཡོད་དམ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས།  ཌོ་ནལ་ཌི་ཊི་རམ་ཕི་མཆོག་ཨ་རིའི་སྲིད་འཛིན་ཆགས་སྐབས་ཁོང་གིས་ཨ་རི་དང་པོ་བྱེད་དགོས་ཞེས་གསུངས་ཡོད། ཨ་རི་ནི་རང་དབང་དང་། སྣེ་ཁྲིད་ཐུབ་མཁན་གྱི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་ཞིང་། ལོ་རྒྱུས་དང་བཟང་སྤྱོད་ཀྱི་ཐོག་ནས་ཨ་རི་ལ་འཛམ་གླིང་གི་རྒྱལ་ཁབ་ཚང་མ་རང་དབང་གི་ཕྱོགས་སུ་སྣེ་ཁྲིད་དགོས་པའི་འགན་ཡོད་པ་རེད་སྙམ།

ཨེ་ལེག་སི་མོར་རི་སི་ལགས་ཀྱིས། དེང་སྐབས་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་དུ་ཕྱིན་པའི་རྐྱེན་གྱིས་འཛམ་གླིང་གི་མི་མང་པོའི་སེམས་ལ་དངངས་སྐྲག་དང་སེམས་ཁྲལ་འབྱུང་བཞིན་ཡོད་པ་དང་།  འཛམ་གླིང་མི་མང་གིས་ཏོག་དབྱིབས་གཉན་རིམས་ལ་གདོང་ལེན་བྱེད་བཞིན་ཡོད། མགོན་པོ་གང་ཉིད་མཆོག་གིས་ཏོག་དབྱིབས་གཉན་རིམས་ལ་གདོང་ལེན་བྱེད་བཞིན་པའི་འཛམ་གླིང་མི་མང་ལ་བཀའ་སློབ་ལམ་སྟོན་ག་རེ་སྩལ་རྒྱུ་ཡིན་ནམ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ད་ལྟའི་ཆར་ཚན་རིག་པ་མང་པོས་སྨན་བཟོ་རྒྱུའི་ཐད་འབད་བརྩོན་གནང་བཞིན་ཡོད། ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་དང་བརྟག་དཔྱད་བྱས་ན་ཕན་ཐོགས་ངེས་ཅན་འབྱུང་གི་རེད། ཏོག་དབྱིབས་གཉན་རིམས་ལ་ཞེད་སྣང་བྱས་ནས་བསྡད་ན་ཕན་ཐོགས་མེད། ཚན་རིག་པ་དང་སྨན་པ་བཅས་ནས་སྔོན་འགོག་སྨན་ཁབ་བཟོ་རྒྱུར་བརྟག་དཔྱད་གནང་བཞིན་ཡོད་པས། དེར་རྗེས་སུ་ཡི་རངས་ཞུ་གི་ཡོད། གལ་ཏེ་བཅོས་ཐབས་མེད་པ་ཞིག་ཡིན་ན་དེར་ངོས་ལེན་བྱེད་དགོས། ང་ཚོར་དཀའ་ངལ་འཕྲད་པའི་སྐབས་ཞིབ་འཇུག་བྱེད་དགོས། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་དུས་རབས་བརྒྱད་པའི་ནང་མཛད་པའི་སྤྱོད་འཇུག་ལས། གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགར་ཅི་ཞིག་ཡོད། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགར་བྱས་ཅི་ཕན། །ཞེས་གསུངས་པ་དེ་དོན་དངོས་དང་མཐུན་པ་རེད། 

ཨེ་ལེག་སི་མོར་རི་སི་ལགས་ཀྱིས། མགོན་པོ་གང་ཉིད་མཆོག་གིས་སྔོན་མ་རྒྱལ་མཆོག་སྐུ་ཕྲེང་ ༡༤ པའི་ཡང་སྲིད་བུད་མེད་ཅིག་འཁྲུངས་སྲིད་པ་དང་། སྐུ་ཕྲེང་ ༡༤ པའི་ཡང་སྲིད་གཅིག་བྱས་ན་ཡོང་གི་མ་རེད་ཅེས་གསུངས་མྱོང་ཡོད། མགོན་པོ་གང་ཉིད་མཆོག་གིས་དེའི་སྐོར་ཏོག་ཙམ་འགྲེལ་བརྗོད་གནང་རོགས།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་ཀྱིས་དོ་ཁུར་བྱེད་ས་གཙོ་བོ་སྐུ་ཕྲེང་འདི་རང་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་བྱེད་རྒྱུ་དེ་ཡིན། ཏཱ་ལའི་བླ་མའི་སྒྲིག་འཛུགས་མུ་མཐུད་གནས་མ་གནས་ཟེར་བ་དེ་བོད་རྒྱ་ཆེ་མི་མང་དང་། ཧི་མ་ལ་ཡ་རི་རྒྱུད་ཀྱི་མི་རིགས། ལོ་རྒྱུས་ཐོག་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་འབྲེལ་བ་ཡོད་པའི་སོག་པོ་བཅས་ལ་ཏཱ་ལའི་བླ་མའི་སྒྲིག་འཛུགས་མུ་མཐུད་གནས་དགོས་མིན་གྱི་ཐག་གཅོད་བྱ་རྒྱུའི་ཐོབ་ཐང་ཡོད།
ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག ཅེས་ནམ་མཁའ་མ་ཟད་ཀྱི་བར་གཞན་དོན་སྒྲུབ་རྒྱུའི་སེམས་ཉིན་ལྟར་སྐྱེད་ཀྱི་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ། །