ཟླ་བ་ ༩ ཚེས ༡༤ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༤ རེས་གཟའ་ཟླ་བ། 

༄༅། །ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནན་སེ་པེ་ལོ་སི་ Nancy Pelosi མཆོག་གིས་གཙོ་སྐྱོང་འོག་གོ་ལའི་ཚ་དྲོད་ཀྱི་དཀའ་ངལ་བཅོས་ཐབས་དང་ལྷན་དུ་དཔལ་འབྱོར་དང་ཁོར་ཡུག་གི་དྲང་བདེན་སྤྱི་ཡོངས་ལ་དགོས་གལ “Addressing the Climate Crisis with Economic and Environmental Justice for All” ཞེས་པའི་བརྗོད་གཞིའི་ཐོག་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༢ ཉིན་ཨ་རི་དང་། ཁེ་ན་ཌ། ཕ་རན་སི། འཇར་མན་ནི། ཨེ་ཊ་ལེ། ཉི་ཧོང་། ཨིན་ཡུལ་བཅས་ནས་དཔལ་འབྱོར་གྱི་དགོས་དམིགས་ཁོ་ནའི་ཆེད་དུ་བཙུགས་པའི་ (G7) ཟེར་བའི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་གྲོས་ཚོགས་ཚོགས་གཙོའི་ལོ་འཁོར་ལྷན་ཚོགས་ཐེངས་ ༡༩ དྲ་ལམ་བརྒྱུད་ཚོགས་ཡོད།

སྐབས་དེར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་མོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་བརྙན་ཐུང་བརྒྱུད་བཀའ་སློབ་སྩལ་དོན།  ང་ཚོས་འདས་པའི་ཉམས་མྱོང་ལ་གཞིགས་ཏེ་ད་ལྟའི་མི་རབས་ཚོས་སོ་སོའི་རྒྱལ་ཁབ་གཅིག་པུའི་ཁེ་ཕན་སླད་དུ་བསམ་བློ་གཏོང་རྒྱུའི་ཚབ་ལ་ཐུན་མོང་གི་ཁེ་ཕན་ཆེད་དུ་བསམ་བློ་གཏོང་གི་ཡོད། དེར་བརྟེན་སྔོན་ཐོན་རྒྱལ་ཁབ་བདུན་གྱི་ཚོགས་འདུ་འདི་ཧ་ཅང་བློ་སྟོབས་སྐྱེད་འོས་པ་ཞིག་རེད། ངོས་ཀྱིས་ནམ་རྒྱུན་འཛམ་གླིང་ནང་མི་ཐེར་འབུམ་བདུན་ཡོད་པ་དེ་དག་ཚང་མ་འགྲོ་བ་མིའི་ཚོགས་སྡེ་གཅིག་ཡིན་པའི་སྐོར་བརྗོད་ཀྱི་ཡོད། མ་འོངས་པར་འཛམ་གླིང་ནང་མི་ཐེར་འབུམ་བདུན་ཡོད་པ་དེ་དག་ཚང་མའི་སླད་དུ་བསམ་བློ་གཏོང་དགོས་པ་ལས་ངའི་རྒྱལ་ཁབ་དང་ངའི་ཆོས་ལུགས་ཞེས་བྱེ་བྲག་པ་གཅིག་པུའི་ཆེད་དུ་བསམ་བློ་གཏོང་རྒྱུ་མེད། འདས་པའི་ལོ་རྒྱུས་ལ་བལྟས་པ་ཡིན་ན་སོ་སོའི་རྒྱལ་ཁབ་དང་། ཆོས་ལུགས། རིགས་རུས་གལ་ཆེན་པོ་བརྩིས་ཏེ་དཀའ་ངལ་ཧ་ཅང་མང་པོ་བཟོས་ཡོད།

རྩ་བའི་ཆ་ནས་རང་གཅེས་འཛིན་གྱི་བློ་ལ་བརྟེན་ནས་སོ་སོ་གཅིག་པུ་དང་། ངའི་རྒྱལ་ཁབ། ངའི་སྡེ་ཚན་ཞེས་བསམ་བློ་གཏོང་གི་ཡོད། དེ་ནི་བསམ་བློ་གཏོང་སྟངས་གུ་དོག་པོ་རེད། དོན་དངོས་སུ་འཛམ་གླིང་གི་མི་ཐེར་འབུམ་བདུན་ཡོད་པ་དེ་དག་ཚང་མའི་མ་འོངས་པ་ནི་གཅིག་ལ་གཅིག་བརྟེན་ནས་འཚོ་དགོས། ད་ལྟ་འཛམ་གླིང་ནང་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་དེ་དག་ཚང་མའི་སླད་དུ་བསམ་བློ་གཏོང་རྒྱུའི་དུས་ཚོད་སླེབ་ཡོད། དེ་རིང་ཁ་སང་གོ་ལའི་ཚ་དྲོད་འཕེལ་བཞིན་པ་ནི་གནད་དོན་ཧ་ཅང་ཛ་དྲག་ཅན་ཞིག་ཆགས་ཡོད།
མ་འོངས་པར་ལོ་ངོ་བཅུ་ཕྲག་ཁ་ཤས་རྗེས་གོ་ལའི་ཚ་དྲོད་ཧ་ཅང་ཛ་དྲག་ཅན་དུ་འགྱུར་ངེས་རེད་ཅེས་ངོས་ཀྱི་གྲོགས་པོ་ཁ་ཤས་ཤིག་གིས་བརྗོད་ཀྱི་འདུག  སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཚོགས་མི་རྣམ་པས་གོ་ལའི་ཚ་དྲོད་སྐོར་དོ་སྣང་སྤྲོད་བཞིན་ཡོད་པ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ངོས་ཀྱིས་ནམ་རྒྱུན་མི་རྣམས་ལ་བོད་ནི་འཛམ་གླིང་གི་ཡང་རྩེ་རེད་ཅེས་བརྗོད་ཀྱི་ཡོད། བོད་ཡུལ་ནི་ཆུ་བོ་ཆེན་པོའི་འབྱུང་ཁུངས་ཡིན། དཔེར་ན་བོད་ནས་རྒྱ་ནག་ལ་འབྲི་ཆུ་བཞུར་བཞིན་ཡོད་པ་དང་། བོད་ནས་རྒྱ་གར་ལ་ཡར་ཀླུངས་གཙང་པོ། བོད་ནས་པ་ཀི་སི་ཐན་ལ་སེང་གེ་ཁ་འབབ་སོགས་བཞུར་བཞིན་ཡོད། ཨེ་ཤི་ཡའི་རྒྱལ་ཁབ་ཕལ་ཆེ་བའི་ཆུའི་འབྱུང་ཁུངས་ནི་བོད་རེད། བོད་ནང་གི་བོད་མི་ཚོས་བོད་ནང་ལོ་རེ་བཞིན་གངས་འབབ་ཚད་ཉུང་དུ་ཕྱིན་ཡོད་པ་དོ་སྣང་བྱུང་འདུག དེ་བཞིན་ང་ཚོས་རྡ་རམ་ས་ལའང་གངས་འབབ་ཚད་ཉུང་དུ་ཕྱིན་ཡོད་པ་དོ་སྣང་བྱུང་། དེར་བརྟེན་གོ་ལའི་ཚ་དྲོད་ད་ཆ་ཧ་ཅང་ཛ་དྲག་ཅན་དུ་གྱུར་འདུག

དངོས་ཡོད་གནས་ཚུལ་ལ་ད་ལྟ་ང་ཚོར་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད། གོ་ལའི་ཚ་དྲོད་ལ་བརྟེན་ནས་ས་ཁུལ་ཁ་ཤས་ལ་ཆར་བ་ཧ་ཅང་ཆེན་པོ་འབབ་ཀྱི་ཡོད་པ་དང་། ས་ཁུལ་ཁ་ཤས་ཧ་ཅང་སྐམ་པོ་ཆགས་ཡོད། མི་མང་ལ་དཀའ་ངལ་འཕྲད་བཞིན་ཡོད། ལྷག་པར་ཨ་ཕི་རི་ཁ་དང་། རྒྱ་གར་གྱི་ས་ཁུལ་ཁ་ཤས། རྒྱ་ནག་བཅས་ཀྱི་མི་མང་རྣམས་ལ་དཀའ་ངལ་འཕྲད་བཞིན་ཡོད། ཨ་ཕི་རི་ཁའི་ས་ཁུལ་ཁ་ཤས་ནང་ཆར་བ་ཧ་ཅང་ཆེན་པོ་འབབ་ཀྱི་ཡོད་པ་དང་ས་ཁུལ་ཁ་ཤས་ལ་ཆར་བ་འབབ་ཀྱི་མེད། དེ་ནི་གོ་ལའི་ཚ་དྲོད་འཕེལ་བ་བརྟེན་ནས་བྱུང་བ་རེད་སྙམ། འབྱོར་ལྡན་པ་མགྲོན་ཁང་ནང་སྡོད་མཁན་ཚོས་དཀའ་ངལ་དེ་དག་ཛ་དྲག་ཅན་ཞིག་ཡིན་པ་ཚོར་གྱི་མེད་སྲིད། འོན་ཀྱང་མི་སྐྱོ་བོ་ཚོར་དངོས་གནས་དྲང་གནས་ཛ་དྲག་གི་དཀའ་ངལ་འཕྲད་བཞིན་ཡོད། དེར་བརྟེན་ང་ཚོས་གོ་ལའི་ཚ་དྲོད་འཕེལ་བཞིན་པའི་སྐོར་དོ་སྣང་མང་ཙམ་བྱེད་དགོས། ཞེས་བཀའ་སློབ་སྩལ། །