ཟླ་བ་ ༩ ཚེས ༡༤ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༤ རེས་གཟའ་ཟླ་བ། 

༄༅། །སིམ་ལ་སྤྱི་ཁྱབ་པ་བསྟན་འཛིན་སྣང་བ་ལགས་ཀྱིས་གཙོས་ལས་དྲུང་ཚེ་རིང་ཆོས་འཛོམས་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་ཡེ་ཤེས་ལགས། དྲུང་ཆེ་བསྟན་འཛིན་དཔལ་ལྡན་ལགས་བཅས་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་སྦན་ཌ་རུ་དཏྟ་ཏྲེས་ཡ་  Bandaru Dattatreya མཆོག་དང་མཛལ་འཕྲད་ཀྱིས་ཁོང་གིས་མངའ་སྡེའི་སྲིད་སྐྱོང་གནང་སྟེ་ལོ་གཅིག་ཧྲིལ་པོ་འཁོར་བར་འཚམས་འདྲི་དང་འབྲེལ་ད་བར་བོད་མིར་རྒྱབ་སྐྱོར་གནང་བར་བོད་མིའི་སྒྲིག་འཛུགས་དང་ཧི་མཱ་ཅལ་ནང་གནས་སྡོད་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་མཆོག་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་གཙོས་འབྲེལ་ཡོད་བློན་ཆེན་ལ་ཕྱག་བྲིས་ཕུལ་བ་ལྟར་མངའ་སྡེའི་སྨན་གྱི་མཐོ་སློབ་ཁག་གི་ནང་དུ་སྨན་པའི་ཟུར་བཅད་ས་མིག་གསུམ་དགོངས་བཞེས་ཡོང་བའི་འབོད་སྐུལ་ཡང་ཞུས་ཡོད།

སྐབས་དེར་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་གིས་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༨ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུ་རྒྱུའི་གོ་སྐབས་ཐོབ་པ་དང་། མ་འོངས་པར་སླར་ཡང་མཇལ་ཁ་ཞུ་རྒྱུ་ཡིན་སྐོར་གསུངས།

བོད་མིའི་སྒྲིག་འཛུགས་ནས་ལོ་འདི་ཧྲིལ་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་ལོར་སྲུང་བརྩི་ཞུ་རྒྱུར་གཏན་འབེབས་གནང་བ་ལྟར། སིམ་ལ་སྤྱི་ཁྱབ་ལས་ཁུངས་ནས་དེ་རིང་ནས་འགོ་བཙུགས་ཀྱིས་ཕྱི་ལོ་ ༢༠༢༡ ཟླ་ ༨ བར་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན་འདུག་པ་བཅས། །