ཟླ་བ་ ༩ ཚེས ༡༤ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༤ རེས་གཟའ་ཟླ་བ། 

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དབུ་འཁྲིད་རྒན་གྲས་སློབ་དཔོན་ར་གྷུ་ཝན་ཤི་པརཱ་སདྷ་སིངྒ་  Dr. Raghuvansh Prasad Singh མཆོག་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༣ ཉིན་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་ཐོན་པར། དེ་རིང་ཕྱི་ཚེས་ ༡༤ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། དམ་པ་ཁོང་གི་བུ་སོགས་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོའི་འཕྲིན་ཡིག་ཅིག་ཕུལ་གནང་འདུག

ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དབུ་འཁྲིད་རྒན་གྲས་སློབ་དཔོན་ར་གྷུ་ཝན་ཤི་ པརཱ་སདྷ་ སིངྒ་མཆོག་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོས་པར་ང་ཚོ་ཤིན་ཏུ་ནས་བློ་ཕམ་ཆེན་པོ་བྱུང་། སྐུ་ཞབས་ཁོང་ནི་སྲིད་དོན་གྱི་ལྟ་གྲུབ་ཡོད་མཁན་སྙན་གྲགས་ཅན་ཞིག་དང་། གུས་བཀུར་ཆེན་པོ་ཞུ་སའི་རྒྱ་གར་གྱི་ཆབ་སྲིད་པ་རྒན་གྲས་ཤིག་ཡིན།

སྐུ་ཞབས་རམ་མ་ནོ་ཧར་ལོ་ཧིཡ་ Shri. Dr. Ram Manohar Lohia མཆོག་དང་། སྐུ་ཞབས་ཇཱཡཱ་པྲ་ཀཱཤ་ན་ར་ཡན་ Shri.Jai Prakash Narayan མཆོག་རྣམ་གཉིས་ཀྱི་དགོངས་པ་ལྟར། དམ་པ་ཁོང་གིས་བོད་ཀྱི་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་འགོ་བཙུགས་ཏེ། དུས་ནས་དུས་སུ་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་བོད་ཀྱི་གནད་དོན་གླེང་སློང་གནང་བ་སོགས་ང་ཚོའི་འཐབ་རྩོད་ཐོག་རྒྱུན་དུ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཞུ་མཁན་ཞིག་ཡིན།

དེ་སྔོན་རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་བོད་དོན་རྒྱབ་སྐྱོར་བའི་ལྷན་ཚོགས་འཚོགས་སྐབས་དམ་པ་དེ་ཉིད་སྐུ་མགྲོན་གཙོ་བོར་ཕེབས་ཡོད། དེ་བཞིན་ཁོང་ནི་རྒྱ་གར་གྱི་ཆབ་སྲིད་པ་དང་ཤེས་ལྡན་མི་སྣའི་ཁོངས་ནས་བོད་དོན་དང་འབྲེལ་བའི་ལས་འགུལ་མང་པོའི་ནང་ཐུགས་སྣང་ཆེན་པོས་མཉམ་ཞུགས་གནང་མཁན་གྲས་ཤིག་ཡིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ལ་དམ་པ་དེ་ཉིད་མཇལ་འཕྲད་དང་བོད་ཀྱི་གནད་དོན་ཐོག་བཀའ་བསྡུར་གནང་རྒྱུའི་གོ་སྐབས་ལན་མང་བྱུང་ཡོད།

སྐུ་ཞབས་ཁོང་སྐུ་གཤེགས་པ་དེས་རྒྱ་གར་རྒྱལ་ཁབ་དང་། ཁོང་གི་ནང་མི། དེ་བཞིན་ང་ཚོ་བོད་མི་རྣམས་ལ་གྱོང་གུད་ཆེན་པོ་བྱུང་ཡོད། ངས་སླར་ཡང་ཁྱེད་ནང་མི་ལྷན་རྒྱས་ལ་ཐུགས་གསོ་ཞུ་རྒྱུ་ཡིན། ཞེས་འཁོད་གནང་འདུག་པ་བཅས། །