གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡ རེས་གཟའ་མིག་དམར། 

༄༅། །རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་པར་ནབ་མུ་ཁར་ཇི་ Shri Pranab Mukherjee མཆོག་གི་ཀླད་པ་གཤག་བཅོས་ཞུས་ཏེ་དྲག་སྐྱེད་འབྱུང་བཞིན་པའི་སྐབས། གློ་བ་ལ་གཉན་ཁ་བྱུང་སྟེ་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༣༡ ཉིན་དགུང་ལོ་ ༨༤ ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་དམག་མིའི་སྨན་ཁང་ཞིག་ཏུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བློ་ཕམ་དང་སྦྲགས་དམ་པ་དེ་ཉིད་ཀྱི་ནང་མི་ཡོངས་ཀྱིས་གཙོས་རྒྱ་གར་མི་མང་བཅས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་ཕུལ་བའི་ནང་འཁོད་དོན།

རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་པར་ནབ་མུ་ཁར་ཇི་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་གོ་ཐོས་བྱུང་བས་ཕྲན་རང་ཉིད་ཧ་ཅང་བློ་ཕམ་བྱུང་། ངས་བོད་མི་ཡོངས་དང་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གཞུང་དང་། མི་མང་། དེ་བཞིན་སྲིད་འཛིན་ཟུར་པ་མཆོག་གི་ནང་མི་བཅས་ལ་སྙིང་ཐག་པ་ནས་ཐུགས་གསོ་ཞུ་རྒྱུ་ཡིན། སྲིད་འཛིན་ཟུར་པ་སྐུ་ཞབས་པར་ནབ་མུ་ཁར་ཇི་མཆོག་ནི་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཚང་མས་བརྩི་བཀུར་ཞུ་ས་གཙོ་བོ་གྲས་ཡིན་པ་མ་ཟད། ཁོང་གིས་འདས་པའི་ལོ་ངོ་ ༥༠ ལྷག་རིང་གནས་རིམ་མཐོ་གྲས་འདྲ་མིན་ཐོག་ནས་རྒྱ་གར་གཞུང་མང་གཉིས་ལ་བློས་བཏང་གིས་ཞབས་འདེགས་ཞུས་ཡོད། རྒྱ་ནག་གཞུང་གིས་ངོ་རྒོལ་བྱས་མིན་ལ་མ་ལྟོས་པར་ཕྱི་ལོ་ ༢༠༡༦ ལོར་སྐུ་ཞབས་པར་ནབ་མུ་ཁར་ཇི་མཆོག་གིས་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྣམས་དང་ལྷན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྲིད་འཛིན་ཕོ་བྲང་དུ་གདན་འདྲེན་ཞུས་ཡོད།
ཕྱི་ལོ་ ༡༩༩༥ ལོར་སྐུ་ཞབས་པི་ར་ནབ་མུ་ཁར་ཇི་མཆོག་རྒྱ་གར་གྱི་བདེ་སྲུང་བཀའ་བློན་གནང་བཞིན་པའི་སྐབས་རྒྱ་གར་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཡོངས་མཐུན་ཚོགས་ The Association of Southeast Asian Nations ཀྱི་ཚོགས་མི་ཆགས་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༠༥ ལོར་རྒྱ་གར་གཞུང་གིས་ཨ་རི་དང་ལྷན་ལོ་ ༡༠ རིང་གལ་འགངས་ཆེ་བའི་བདེ་སྲུང་མཉམ་འབྲེལ་གྱི་ཆིངས་ཡིག་བཞག་ཡོད།
སྐུ་ཞབས་པར་ནབ་མུ་ཁར་ཇི་མཆོག་ནི་རྒྱ་གར་མི་སེར་གྱི་བླ་ན་མེད་པའི་གཟེངས་རྟགས་བྷ་རཏ་རཏྣ་ Bharat Ratna ཞེས་པ་བཞེས་མྱོང་མཁན་ཞིག་དང་། ལྷག་པར་ཁོང་གིས་རྒྱ་གར་གྱི་དཔལ་འབྱོར་བཀའ་བློན་གནང་སྐབས་རྒྱ་གར་གྱི་དཔལ་འབྱོར་དེང་རབས་ཅན་ལ་བསྒྱུར་བཅོས་གནང་ཡོད། རྒྱ་གར་གྱི་རླབས་ཆེན་གྱི་དབུ་འཁྲིད་ཅིག་སྐུ་ཚེའི་འཕེན་པ་རྫོགས་པར་རྒྱ་གར་གཞུང་མང་གཉིས་ནས་མྱ་ངན་ཞུ་བཞིན་པའི་སྐབས་འདིར། ང་ཚོའི་ངོས་ནས་འདས་པོ་དམ་པ་དེ་ཉིད་ཀྱི་ནང་མི་ཡོངས་ཀྱིས་གཙོས་རྒྱ་གར་མི་མང་བཅས་ལ་ཐུགས་གསོ་དང་སྨོན་ལམ་ཞུ་རྒྱུ་ཡིན། ཞེས་འཁོད། །