ཟླ་བ་ ༩ ཚེས ༡༦ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༦ རེས་གཟའ་ལྷག་པ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༤ ཉིན་ཡུ་རོབ་སྤྱི་མཐུན་ཚོགས་པའི་འགན་འཛིན་ཆར་ལེ་སི་མ་ཡི་ཀེལ་ Charles Michel མཆོག་དང་། ཡུ་རོབ་སྤྱི་མཐུན་ཚོགས་པའི་འཛིན་སྐྱོང་ལྷན་ཁང་གི་འགན་འཛིན་ཨུར་སུ་ལ་ཝོན་ཌེར་ལེ་ཡེན་ Ursula von der Leyen མཆོག འཇར་མན་ནིའི་སྲིད་འཛིན་ཨན་གི་ལ་མར་ཀེལ་ Angela Merkel མཆོག་བཅས་ནས་དྲ་ལམ་བརྒྱུད་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ལྷན་གོ་ལའི་གནམ་གཤིས་འགྱུར་ལྡོག དཔལ་འབྱོར་དང་ཚོང་འབྲེལ། རྒྱལ་སྤྱིའི་འབྲེལ་ལམ་དང་འགྲོ་བ་མིའི་ཐོབ་ཐང་། ཏོག་དབྱིབས་གཉན་རིམས་དང་དཔལ་འབྱོར་བསྐྱར་གསོ་བཅས་ཀྱི་གནད་དོན་སྐོར་ཚོགས་འདུ་ཚོགས་ཡོད་པ་དང་། ཚོགས་འདུའི་སྟེང་ཡུ་རོབ་སྤྱི་མཐུན་ཚོགས་པའི་འགན་འཛིན་ཆར་ལེ་སི་མ་ཡི་ཀེལ་མཆོག་གིས། རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ། གསར་འགོད་པ་སོགས་ཀྱི་ཐོག་དྲག་གནོན་བྱེད་བཞིན་པར་སེམས་འཚབ་ཡོད། ཅེས་དང་།

ལོ་རྗེས་མར་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཡུ་རོབ་སྤྱི་མཐུན་ཚོགས་པ་དང་རྒྱ་ནག་དབར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གྲོས་མོལ་འཚོགས་གཏན་འཁེལ་ཡོད་པ་དང་། སྐབས་དེ་དུས་བོད་ལ་གཟིགས་སྐོར་དུ་བསྐྱོད་ཐུབ་པའི་རེ་བ་ཡོད། ཅེས་སོགས་གསུངས།།