ཟླ་བ་ ༩ ཚེས ༢༢ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༢ རེས་གཟའ་མིག་དམར། 

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༧ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ཉི་ཤུ་རྩ་ལྔ་པ་དེ་སྤེལ་ཡོད་པ་དང་། གསལ་བསྒྲགས་ཞུ་མཁན་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་ཕྱི་ལུགས་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས། བོད་ལུགས་སྨན་པ་ཚེ་རིང་མཚམས་གཅོད་ལགས་བཅས་ཡིན། 

དང་པོ། འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་མི་མང་ལ་གནད་དོན་གཉིས་ཐད་གསལ་བཤད་ཞུས། གནད་དོན་དང་པོ་དེ་ད་ཆ་རྒྱ་ནག་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་༡༩ དེ་རྒྱ་གར་ནང་ཁྱབ་གདལ་ཆེན་པོ་འགྲོ་བཞིན་ཡོད་པས་བོད་པའི་སྤྱི་ཚོགས་ནང་དཀའ་ངལ་གང་འདྲ་ཞིག་འཕྲད་ཡོང་བསམ་པའི་སེམས་ཚབ་དེ་བོད་མིའི་སྒྲིག་འཛུགས་ལ་དེ་སྔ་ཕྱི་ཟླ་དང་པོ་གཉིས་པ་ནས་བྱུང་ཡོད། འཕྲོད་བསྟེན་ལས་ཁུངས་ནས་འདི་ལོ་ཟླ་ ༡  ཚེས་ ༢༤ ནས་བཟུང་མང་ཚོགས་ལ་ལག་པ་འཁྲུད་དགོས་པ་སོགས་སྔོན་འགོག་ཐབས་ལམ་རྣམས་བསྟེན་དགོས་པའི་ལམ་སྟོན་ཟམ་མ་ཆད་པ་ཞུས་ཡོད། ཉེ་ཆར་ཟླ་ ༨ ཚེས་ ༣༡ ཉིན་རྒྱ་གར་དབུས་གཞུང་ནས་སྒོ་རྒྱ་རིམ་པ་བཞི་པ་ཕྱེ་བའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ་ལས་ད་ཆ་མི་མང་ཕར་འགྲོ་ཚུར་འོང་འགྲུལ་བཞུད་སོགས་བྱ་སྤྱོད་རྣམས་སྔར་རྒྱུན་བཞིན་བྱེད་ཆོག་པས་ད་ཆ་ནད་ཡམས་ཁྱབ་གདལ་ཇེ་ཆེར་འགྲོ་རྒྱུའི་ཉེན་ཁ་ཧ་ཅང་ཆེ་རུ་འགྲོ་ཡོད།

བོད་མིའི་འདུ་སྡོད་ས་གནས་འགོ་འཛིན་གྱིས་གཙོས་ཛ་དྲག་ཚོགས་ཆུང་ནས་མི་མང་ལ་ཁ་རས་གྱོན་དགོས་སོགས་ལམ་སྟོན་གནང་ཡང་མི་རེ་ཟུང་གིས་ད་ཆ་རྒྱ་གར་རྒྱལ་ཡོངས་སྒོ་རྒྱ་ཕྱེ་ཡོད་པས་དེ་ནས་བཀག་སྡོམ་གང་བྱེད་ནས་གནང་གི་ཡོད་ཅེས་བསུན་སྣང་བྱེད་མཁན་དེ་འདྲ་འདུག ང་ཚོ་བོད་མི་རྣམས་མི་འབོར་གྱི་ཆ་ནས་ཧ་ཅང་ཉུང་ཉུང་རེད། དུས་ད་རིང་གི་བར་དུ་མི་ང་ཚོ་རྒྱ་གར་ནང་གི་བོད་མི་འདུ་སྡོད་ས་ཁུལ་ ༢༤ ཙམ་ནང་བོད་མི་ ༢༩༠ ལྷག་ལ་ནད་གཞི་འདི་ཕོག་ཡོད་ལ་མི་ ༡༡ འདས་གྲོངས་ཟིན་པའི་གནས་སྟངས་དེ་ང་ཚོའི་མི་འབོར་ལ་དཔག་པས་ཧ་ཅང་མང་པོ་རེད། དེར་བརྟེན་ཞུ་དོན་སྙིང་པོ་དེ་སོ་སོ་ན་རྒྱུ་དང་འཆི་རྒྱུ་རང་དབང་ཡོད་ཀྱང་སོ་སོའི་བརྒྱུད་མི་གཞན་ལ་བག་མེད་རྣམ་གཡེང་གིས་ན་ཚ་འགོས་ཁྱབ་བྱེད་རྒྱུ་དང་འཆི་བཅུག་རྒྱུའི་རང་དབང་དོ་བདག་ལས་གཞན་སུ་ལའང་ཡོད་མ་རེད། དེར་བརྟེན་ཚང་མས་སོ་སོ་ན་ཡི་མེད་ཤག་བརྩིས་ནས་འདུག་ཀྱང་ནད་གཞི་འདི་མི་སུ་ལའང་དམིགས་བསལ་མེད་པས་ཚང་མས་ཁ་རས་ངེས་པར་གྱོན་རྒྱུ་དང་། ལག་པ་དུག་སེལ་བྱེད་རྒྱུ། ནང་མིའི་ནང་བུ་ཕྲུག་ཡོད་ན་ཕྱིར་འཁྱམ་དུ་མ་གཏོང་རྒྱུ་གལ་ཆེ། རྩ་བའི་འཕྲོད་བསྟེན་ལས་ཁུངས་ནས་དཔལ་ལྡན་བཀའ་ཤག་ལ་མང་ཚོགས་དང་འབྲེལ་བའི་ལམ་སྟོན་དོན་ཚན་ ༡༤ སྙན་གསང་ཞུས་ཡོད་པའི་ནང་ནས་གལ་ཆེ་བ་ཁ་ཤས་ཞུ་ན། ད་ཆ་རྒྱ་གར་ནང་སྒོ་རྒྱ་རིམ་པ་བཞི་པ་ཕྱེ་བའི་གསལ་བསྒྲགས་ལྟར་ན་མི་མང་འདུ་འཛོམས་དང་ཆོས་ཕྱོགས་བྱ་བ། རྩེད་འགྲན། རིག་གཞུང་འཁྲབ་སྟོན་དང་ཆབ་སྲིད་འདུ་འཛོམས་སོགས་ལ་མི་བརྒྱ་ཙམ་འདུ་འཛོམས་ཆོག་གི་ཡོད་རེད། འོན་ཀྱང་ན་ཚ་འགོ་ན་གྱོང་སོ་སོར་ཡོད་པས་ཕེབས་མ་དགོས་པ་གཙོ་འདོན་གནང་རོགས་ཅེས་འབོད་སྐུལ་ཞུ།

ལྷག་པར་སྨན་ཁང་ཁག་ལ་ཕེབས་ཐད་འདི་ནས་སྔ་རྗེས་ལམ་སྟོན་རིམ་པ་གནང་བ་ལྟར་ཛ་དྲག་སྨན་བཅོས་ཆེད་མ་གཏོགས་གཞན་འདི་ག་རྡ་ས་ལྟ་བུ་ཡིན་ན་བདེ་ལེགས་སྨན་ཁང་གི་སྨན་པར་བཀའ་བསྡུར་ཞུས་ཏེ་སྨན་ཁང་གཞན་ལ་འགྲོ་དགོས་པའི་རྒྱབ་གཉེར་ཡེ་གེ་ཡོད་ན་ཕེབས་པ་ལས་དེ་མིན་རྒྱ་གར་སྨན་ཁང་ཆེ་ཁག་ལ་ཕེབས་ནས་ཚུར་ན་ཚ་འཁྱེར་ནས་ང་ཚོའི་སྤྱི་ཚོགས་ནང་ཁྱབ་གདལ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་རེད། གཞིས་ཆགས་ཁག་ལ་ཡིན་ནའང་འཕྲོད་བསྟེན་སྨན་ཁང་ཡོད་པ་རེད། དེར་བསྟེན་གཏུག་བཀའ་འདྲི་ཞུས་ཤིང་ས་གནས་འགོ་འཛིན་ལའང་འབྲེལ་བ་ཞུས་ནས་སྨན་ཁང་གཞན་ལ་བསྟེན་གཏུག་དང་ཕྱིར་འཁོར་འཚམས་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་དགོས་མིན་སོགས་བཀའ་བསྡུར་མཁྱེན་རྟོགས་བྱུང་ན་སྤྱི་ཚོགས་ནང་ནད་ཡམས་ཁྱབ་གདལ་དེ་བཀག་འགོག་ལ་ཕན་ཐོགས་ཐུབ། དེ་བཞིན་ས་གནས་སུ་འགོག་དབྱེ་ཟུར་འཇོག་ཁང་ཡོད་པ་རྣམས་སྔར་རྒྱུན་བཞིན་གནས་དགོས་ཀྱི་རེད་ལ་དེར་འགྲོ་སོང་རྩིས་དེ་འཕྲོད་བསྟེན་ལས་ཁུངས་ནས་མུ་མཐུད་གཏོང་འཆར་ཡོད་ཅེས་ཞུ། 

གནད་དོན་གཉིས་པ་དེ་ད་ཆ་རྡ་ས་གངས་ཅན་སྐྱིད་གཤོངས་དང་འབྲེལ་བའི་གནས་སྟངས་དེ་རེད། གངས་ཅན་སྐྱིད་གཤོངས་ནི་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ཤིག་ཡིན་པས་འདིར་དཀའ་ངལ་ཞིག་འཕྲད་ཚེ་ས་གནས་ཁག་ལའང་དཀའ་ངལ་འཕྲད་ངེས་རེད། དཔེར་ན་ཆུ་ཡོང་སའི་ཆུ་འགོར་དཀའ་ངལ་འཕྲད་ན་ཆུ་མཇུག་ལ་ཆུའི་དཀའ་ངལ་འཕྲད་རྒྱུ་ཡིན་པའི་དཔེ་དེ་ལྟ་བུ་རེད། དེར་རྟེན་བོད་མིའི་སྒྲིག་འཛུགས་དང་འདིར་བཞུགས་མཁན་བོད་མི་རྣམས་ནས་ཐུགས་འགན་ཆེན་པོ་བཞེས་དགོས་པའི་དུས་ལ་བབ་ཡོད། འདི་ག་ཉེ་ཆར་ཀངྒ་ར་ཕོར་ཊིས་སྨན་ཁང་ནང་གནས་ཚུལ་བྱུང་ཡོད་པས་གནས་ཚུལ་འདི་དང་འབྲེལ་ནས་ལས་བྱེད་རྩད་ཞིབ་བྱེད་སྐབས་ལས་བྱེད་མང་པོ་ཞིག་ཕེབས་འདུག དེར་བརྟེན་མ་འོངས་པར་རྒྱ་གར་སྨན་ཁང་ཆེ་ཁག་ལ་ཛ་དྲག་མེད་ན་མ་ཕེབས་རོགས་ཅེས་གསལ་ནན་ཞུ་རྒྱུ་ཡིན།

གལ་ཏེ་སྨན་ཁང་ལ་འགྲོ་དགོས་བྱུང་ནའང་དང་པོ་བདེ་ལེགས་སྨན་ཁང་ལ་བསྟེན་གཏུག་གིས་དེ་ནས་སྨན་ཁང་ཕྱིར་ཕེབས་དགོས་པའི་རྒྱབ་གཉེར་ཡེ་གེ་སྤྲད་ན་ལས་དེ་མིན་མ་ཕེབས་རོགས་གནང་ཞེས་ནན་ཏན་ཞུ་རྒྱུ་ཡིན། གལ་ཏེ་ད་དུང་འདི་ནས་ལམ་སྟོན་གནང་བར་གསན་འཇོག་མ་གནང་ཚེ་འཕྲོད་བསྟེན་ལས་ཁུངས་ནས་སྨན་བཅོས་གནང་རྒྱུ་དེ་ཚོ་བཀག་སྡོམ་ཞུ་རྒྱུའི་དུས་ཚོད་སླེབ་སྲིད་པ་རེད་ཅེས་གསུངས། ཉེ་ཆར་འདི་ག་ཀེ་ན་ར་དངུལ་ཁང་ནང་ལས་བྱེད་གཉིས་ལ་ནད་གཞི་ཕོག་པ་ར་འཕྲོད་བྱུང་ཡོད། དེའི་ཐོག་འབྲེལ་གཏུག་མི་རྩད་གཅོད་བྱེད་སྐབས་མི་མང་པོས་སྦས་གསང་མེད་པ་གསུང་གི་ཡོད་ལ་མང་པོས་སྦང་གསང་གནང་གི་འདུག འོན་ཀྱང་ང་ཚོས་པར་ལེན་བརྙན་ཆས་སོགས་ནང་ལྟ་དུས་མི་མང་པོ་ཞིག་ཐོན་ཡོང་གི་འདུག གནས་སྟངས་ཛ་དྲག་དེ་འདྲ་ཆགས་དུས་སྦང་གསང་རྩ་ནས་བྱེད་རྒྱུ་མེད། ཚང་མས་འགན་འཁྱེར་དགོས་པ་གསུངས།

མཐའ་དོན་རྡ་སར་བཞུགས་མཁན་བོད་མི་ཚང་མས་ཁྲོམ་གཞུང་དང་སྨན་ཁང་། གློག་བརྙན་ཁང་དང་མཚན་ཚོགས་ཁང་ནང་མ་ཕེབས་རོགས་གནང་། མཚན་ཚོགས་ཁང་ལྟ་བུ་ཡིན་ན་ཁང་པའི་རླུང་འགྲོ་ཡག་པོ་མེད་པ་དང་། མི་མང་པོ་འདུ་འཛོམས་བྱེད་ཀྱི་ཡོད་པས་དེ་འདྲའི་ངང་ནས་ནད་གཞི་ཕོག་ནས་སྤྱི་ཚོགས་ནང་ཁྱབ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པས་ང་ཚོས་མཚན་ཚོགས་ཁང་དེ་ཚོར་སུ་འགྲོ་མིན་ལྟ་ཞིབ་བྱ་རྒྱུ་ཡིན། དེ་དོན་མང་ཚོགས་དང་འབྲེལ་བའི་དོན་ཚན་ ༡༤ དཔལ་ལྡན་བཀའ་ཤག་ལ་ཕུལ་ཡོད་པས་དེ་མགྱོགས་པོ་ཐོན་གྱི་རེད། གངས་ཅན་སྐྱིད་གཤོངས་དང་འབྲེལ་དེའི་གཡས་གཡོན་གྱི་དགོན་སྡེ་གྲྭ་ཚང་། ཚོགས་པ་ཁག་བཅས་དང་འབྲེལ་བའི་ལམ་སྟོན་དོན་ཚན་ ༡༤ ཅན་དེ་འབྲེལ་ཡོད་དྲུང་ཆེ་འགན་འཛིན་རྣམས་ལ་ཕུལ་ཡོད། ཚང་མས་ངེས་པར་གཟིགས་ཞིབ་གནང་རོགས། ང་ཚོ་ཚང་མས་རྫུབ་མོ་རྡོག་གཅིག་ཏུ་སྒྲིལ་ནས་མཉམ་རུབ་ཀྱིས་ནད་ཡམས་འདིར་གདོང་ལེན་གནང་རོགས་ཅེས་རེ་སྐུལ་ཞུས་གནང་།

གཉིས་པ། ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་གྲུབ་ཐོན་མདོར་བསྡུས་ཞུ་རྒྱུར། ད་ལྟའི་ཆར་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་གྲངས་༢༥ དང་། བལ་ཡུལ་ནང་གི་བོད་མིའི་གཞིས་ཆགས་གྲངས་ ༤ བཅས་ནང་ཁྱོན་མི་གྲངས་ ༦༤༠ འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་ཡོད། དེའི་ནང་ནས་མི་གྲངས་ ༣༢༢ རང་ཁྱིམ་དང་། མི་གྲངས་ ༣༡༨ སྒྲིག་འཛུགས་ནས་མཐུན་འགྱུར་སྦྱར་བའི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་ཡོད། དེ་ནས་སེམས་ཁམས་འཕྲོན་བསྟེན་ཚན་པའི་ངོས་ནས་འདས་པའི་བདུན་ཕྲག་ནང་བོད་མིའི་གཞིས་ཆགས་གྲངས་ ༢༠ ནང་ཁྱོན་བོད་མི་གྲངས་ ༡༥༠ ལ་ཁ་པར་ཐོག་འབྲེལ་གཏུག་གིས་སེམས་ཁམས་དཀའ་ངལ་དང་གཞན་སློབ་གསོ་ལམ་སྟོན་གནང་དགོས་གནང་ཐུབ་ཡོད་པ་དང་། འདས་པའི་བདུན་ཕྲག་ནང་ནད་གཞི་ཕོག་པའི་མི་རྣམས་ལ་ཁ་པར་ཐོག་འབྲེལ་བ་གནང་ཐུབ་པ་བྱུང་ཡོད། ནད་རྟགས་ཡོད་མེད་རྟོགས་ཞིབ་ཚོགས་ཆུང་ནས་བོད་མིའི་གཞིས་ཆགས་གྲངས་ ༣༥ ནང་ཁྱོན་བོད་མི་གྲངས་ ༧༡༨༩ ལ་ཚ་བ་འཕར་གྱི་ཡོད་མེད་སོགས་ནད་རྟགས་ཡོད་མེད་བརྟག་དཔྱད་གནང་།

གསུམ་པ།  བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གནས་སྟངས་ཇི་ཆགས་ཐད་ངོ་སྤྲོད་ཞུ་རྒྱུར། འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཏུ་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ ༣༣ བྱུང་ཡོད། དེ་ཡང་ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ནས་མི་གྲངས། ༡ ཅོན་ཏ་ར་ནས་མི་གྲངས། ༨ མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནས་མི་གྲངས།༢ ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ནས་མི་གྲངས། ༡ སི་ལི་གུ་རི་ནས་མི་གྲངས། ༣  ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་ནས་མི་གྲངས། ༡ སྦེལ་ཀོབ་གཞིས་ཆགས་ནས་མི་གྲངས། ༢ སུ་ཇཱ་ཁུལ་ནས་མི་གྲངས། ༢ ཤི་ལོངས་ཁུལ་ནས་མི་གྲངས་ ༡ རྡོ་རྗེ་གླིང་ནས་མི་གྲངས་ ༤ རཱ་ཇི་པུར་ནས་མི་གྲངས་ ༡ མེན་པཱཌ་ཕན་བདེ་གླིང་གཞིས་ཆགས་ནས་གྲངས་ ༡ བཅས་ཁྱོན་མི་གྲངས་ ༣༣ བྱུང་བ་ནང་ནས་མི་གྲངས་ ༡༦ ལ་ནད་རྟགས་ཅུང་ཡོད་པ་དང་། མི་གྲངས་ ༢ ཛ་དྲག་སྨན་བཅོས་ཁང་དུ་ཡོད་། མི་གྲངས་ ༡༧ ལ་དམིགས་བསལ་ནད་རྟགས་མེད།  ནད་གཞི་ཕོག་པ་མི་གྲངས་ ༣༣ ནས་དགུང་ན་མཐོ་ཤོས་དེ་ལོ་ ༩༣ དང་ཆུང་ཤོས་ལོ་ ༡༢ ཡིན་པ་རེད། བློ་ཕམ་པའི་གནས་ཚུལ་ཞུ་རྒྱུར། འདས་པའི་བདུན་ཕྲག་ནང་བོད་མི་གྲངས་ ༥ ནད་ཡམས་རྐྱེན་པས་འདས་གྲོངས་སུ་སོང་། དེ་ཡང་ལ་དྭགས་ཁུལ་ནས་བོད་མི་སྐྱེས་པ་རང་ལོ་ ༨༡ ཅན་དང་བུད་མེད་རང་ལོ་ ༩༦ སྐྱེས་པ་རང་ལོ་ ༨༢ སྒང་ཏོག་ཁུལ་ནས་སྐྱེས་པ་རང་ལོ་ ༨༥ བཱན་དཱ་ར་ཁུལ་ནས་སྐྱེས་པ་རང་ལོ་ ༦༨ བཅས་མི་ལྔ་འདས་གྲོངས་སུ་སོང་ཡོད་ན་ཚང་མས་ཐུགས་སྨོན་གནང་རོགས། ད་བར་རྒྱ་གར་དང་བལ་ཡུལ་ནང་ཁྱོན་བོད་མི་གྲངས་ ༢༩༥ ལ་ནད་གཞི་ཕོག་ཡོད་ཅིང་དེའི་ནང་ནས་མི་གྲངས་ ༡༡ ཚེ་འདས་སོང་ཡོད་པ་དང་། མི་གྲངས་ ༡༠༩ དྲག་སྐྱེད་སོང་ཡོད་པ་དང་། ད་ཆ་མི་གྲངས་ ༡༧༥ ནད་མནར་བཞིན་ཡོད། 

ནད་གཞི་ཕོག་པའི་མི་རྣམས་ལ་ས་གནས་འཕྲོད་བསྟེན་ཚོགས་ཆུང་ནས་གསོ་རིག་གསོ་བཅོས་སྨན་འབུལ་རྒྱུ་དང་། དེ་བཞིན་འདི་ག་འཕྲོད་བསྟེན་ལས་ཁུངས་ཀྱི་སེམས་ཁམས་འཕྲོད་བསྟེན་ཆེད་ལས་པའི་ངོས་ནས་གནས་སྟངས་རྒྱུས་ལོན་དང་སློབ་གསོ་ལམ་སྟོན་དགོས་ངེས་ལ་སློབ་གསོ་ལམ་སྟོན་གནང་ཐུབ་པ་བྱུང་ཡོད།

བཞི་པ། མི་མང་ལ་ཐུགས་སྣང་ལམ་སྟོན་ཚུལ་དུ་ཞུ་རྒྱུར། 

ད་ཆ་འཛམ་གླིང་ཁྱོན་ཡོངས་ལ་མི་ས་ཡ་ ༢༩ ལྷག་ལ་ནད་གཞི་ཕོག་ཡོད་པ་དང་མི་གྲངས་འབུམ་ ༩ ལྷག་ནད་གཞི་འདིིའི་རྐྱེན་པས་འདས་གྲོངས་སུ་ཕྱིན་ཡོད། རྒྱ་གར་ནང་ད་བར་ཁྱོན་མི་གྲངས་འབུམ་ ༥༡ ལྷག་ལ་ནད་གཞི་ཕོག་ཅིང་མི་གྲངས་ཁྲི་བརྒྱད་ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་མི་གྲངས་འབུམ་ ༤༠ ལྷག་དྲག་སྐྱེད་ཕྱིན་ཡོད། ད་ཆ་མི་གྲངས་འབུམ་ ༡༠ ལྷག་ནད་མནར་བཞིན་པ་དང་། ཉིན་གཅིག་སྟེ་འདས་པའི་ཆུ་ཚོད་ ༢༤ ནང་མི་གྲངས་ཁྲི་དགུ་ལྷག་ལ་ནད་གཞི་ཕོག་པ་ར་འཕྲོད་བྱུང་ཡོད་པས་རྒྱ་གར་འདི་བཞིན་ད་ཆ་འཛམ་གླིང་ནང་ནད་གཞི་ཕོག་མཁན་གྲངས་འབོར་མཐོ་ཤོས་ཀྱི་རྒྱལ་ཁབ་ཨང་གཉིས་པ་དེ་ཆགས་ཡོད། ནད་པ་བརྟག་དཔྱད་དང་འབྲེལ་རྒྱ་གར་ནང་ད་བར་ཁྱོན་མི་གྲངས་འབུམ་ ༦༠༥ ལྷག་ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་བྱས་ཞིང་། འདས་པའི་ཉིན་གྲངས་གཅིག་ནང་ཁྱོན་མི་གྲངས་འབུམ་ ༡༡ ལ་བརྟག་དཔྱད་གནང་བ་བྱུང་འདུག 

ང་ཚོ་བོད་པའི་སྤྱི་ཚོགས་ནང་དུའང་ད་ཆ་ནད་གཞི་ཕོག་པའི་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་གནས་ཡུལ་གཞུང་གི་ལམ་སྟོན་འོག་ནད་གཞི་ཕོག་པ་གང་ཞིག་ནད་རྟགས་དམིགས་བསལ་མེད་པ་རྣམས་རང་ཁྱིམ་དུ་ཟུར་བཀག་ཐོག་བཞུགས་དགོས་པའི་ལམ་སྟོན་གནང་བཞིན་ཡོད་པས་ད་ཆ་བོད་མི་ནད་མནར་བཞིན་པ་མང་ཆེ་བ་བོད་མིའི་སྒྲིག་འཛུགས་ནས་མཐུན་རྐྱེན་སྦྱར་བའི་ཀོ་ཝིཌ་གཅེས་སྐྱོང་ཁང་དུ་གསོ་བཅོས་གནང་བཞིན་ཡོད་པས་ནད་རྟགས་མེད་པའི་ནད་པ་རྣམས་ནས་ངེས་པར་རང་ཁྱིམ་མམ་ཀོ་ཝིཌ་གཅེས་སྐྱོང་ཁང་དུ་ཟུར་བཀག་ནན་པོ་བཞུགས་དགོས་པ་དང་། གསོ་བཅོས་ཆེད་གསོ་རིག་ཕུལ་བ་རྣམས་དུས་ཐོག་བསྟེན་རྒྱུ། དེ་བཞིན་གསོ་བཅོས་ཀྱི་བརྒྱུད་རིམ་ནང་ཚ་བ་འཕར་གྱི་ཡོད་མེད་སོགས་ནད་རྟགས་མངོན་མིན་རང་ཉིད་ནས་རྟོགས་ཞིབ་གནང་རྒྱུ་ཤིན་ཏུ་གལ་ཆེ།

ལྷག་པར་ཁྲག་ཤེད་དང་གཅིན་སྙི་སོགས་བླ་གཉན་ནད་གཞི་ཡོད་པ་རྣམས་ནས་ཟས་སྤྱོད་སྨན་བཅོས་སོགས་ལ་མཐུད་མ་ཤོར་བར་བསྟེན་རྒྱུ་ཤིན་ཏུ་གལ་ཆེ་བ་ཡིན། ཕྱི་ཟླ་ ༩ ཚེས་ ༡༧ ཉིན་མོ་འདི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནས་འཛམ་གླིང་ནད་པའི་བདེ་འཇགས་ཉིན་མོ་ཞེས་སྲུང་རྩི་ཞུ་བཞིན་འདུག་པས་འདི་ལོའི་འབོད་སྒྲ་ནི་འཕྲོད་ལས་པ་རྣམས་བདེ་འཇགས་སྲུང་སྐྱོབ་ཐུབ་ན་ནད་པ་རྣམས་བདེ་འཇགས་སྲུང་སྐྱོབ་ཐུབ་ཅེས་འདི་གཉིས་ནི་དངུལ་ཀྲམ་གཅིག་གི་ཕྱོགས་རྒྱབ་མདུན་གཉིས་དང་དབྱེར་མེད་པས་ང་ཚོས་ད་ལན་ནད་ཡམས་ཁྱབ་གདལ་གྱི་ཛ་དྲག་གནས་སྟངས་འདིར་སྨན་པས་གཙོས་འཕྲོད་ལས་པ་མང་པོས་དཀའ་བ་དང་དུ་བླངས་ནས་ནད་པའི་ཞབས་འདེགས་བསྒྲུབས་ཡོད་པ་དང་། འཕྲོད་ལས་པ་མང་པོས་རང་ཉིད་ཀྱི་སྲོག་ལས་ནད་པའི་སྲོག་དེ་གཅེས་པར་འཛིན་ནས་ཞབས་ཞུ་ལྷོད་མེད་བསྒྲུབས་ཡོད། ང་ཚོ་བོད་མིའི་སྤྱི་ཚོགས་ཁྲོད་རྒྱ་བལ་འབྲུག་གསུམ་གྱིས་གཙོས་ཕྱི་རྒྱལ་ནང་བོད་རིགས་སྨན་པ་དང་སྨན་ཞབས། འཕྲོད་ལས་པ་དང་དྭངས་བླངས་པ་མང་པོས་ད་ལན་ཛ་དྲག་གི་དུས་ཚོད་འདིར་ཞབས་ཞུ་ཧུར་བསྐྱེད་བསྒྲུབས་ཡོད་པས་ད་ལན་ཉིན་མོ་སྲུང་བརྩི་འདི་བསྟུན་ཚང་མར་ཡི་རངས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་རྗེས་ཕྱི་ལུགས་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས་མི་མང་ལ་ལམ་སྟོན་གནང་དོན། རྒྱ་གར་ནང་སྒོ་རྒྱ་རིམ་པ་བཞི་པ་ཕྱེ་བས་ཕར་འགྲོ་ཚུར་འགྲོ་གུ་ཡངས་བཏང་བས་ཡུལ་སྐོར་སྤྲོ་འཆམ་པ་སོགས་ཕྱི་མི་འགྲུལ་བཞུད་བྱེད་མཁན་མང་དུ་འགྲོ་ངེས་ལ་བརྟེན་ཚང་མས་གཟབ་གཟབ་གནང་དགོས་པ་དང་། ཁ་རས་གྱོན་དགོས་པ་དང་མི་དང་མིའི་དབར་རྒྱང་ཐག་འཇོག་རྒྱུ། དེ་བཞིན་ལག་པ་ཡང་སེ་བཀྲུ་རྒྱུ་སོགས་སྔོན་འགོག་གི་ཐབས་ལམ་མུ་མཐུད་བསྟེན་དགོས་པའི་དྲན་སྐུལ་ཞུ་རྒྱུ་དང་། གཉིས་པ་དེ་དེང་སང་བོད་མི་ལོ་ན་གཞོན་པ་མང་པོའི་བསམ་པར་སོ་སོ་རང་ཉིད་ནད་གཞི་འདི་འགོས་ཀྱི་མ་རེད་འགོས་ནའང་དྲག་འགྲོ་ཡི་རེད་བསམ་པའི་བསམ་བློ་བཅངས་ནས་རྣམ་གཡེང་དང་ལྷོད་གཡེང་གཏོང་མཁན་མང་པོ་ཞིག་ཁྲོམ་དང་འདུ་འཛོམས་ཆེ་ས། མཚན་ཚོགས་ཁང་སོགས་ལ་འགྲོ་བའི་གནས་ཚུལ་གོ་ཐོས་བྱུང་དེ་རིགས་རྩ་བ་ནས་མ་གནང་རོགས། དེ་འབྲེལ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནས་ནད་ཡམས་འདིའི་རྐྱེན་པས་འདས་གྲོངས་སུ་སོང་བའི་གྲངས་ཐོར་ཞིབ་འཇུག་བྱེད་སྐབས་འདས་གྲོངས་སོང་བའི་ནང་བརྒྱ་ཆ་ ༤ གཞོན་སྐྱེས་ཆགས་ཀྱི་ཡོད། དེ་བཞིན་ནད་གཞི་འདི་ཕོག་པའི་ཉེན་ཁའི་ཤུལ་གྱིས་མ་འོངས་པར་གློ་བར་སྐྱོན་ཆ་ཆེན་པོ་འབྱུང་ངེས་དང་། གློ་བའི་བྱེད་ལས་ལ་སྐྱོན་རྒྱག་རྒྱུ་ཡིན་པས་ཚང་མས་ལྷོད་གཡེང་དང་རྣམ་གཡེང་མ་གནང་བར་གཟབ་གཟབ་གནང་དགོས།

མཐའ་དོན་བུད་མེད་སྦྲུམ་མ་རྣམས་ལ་ཞུ་རྒྱུར། ནད་ཡམས་ཁྱབ་གདལ་གྱི་དུས་ཚོད་འདིར་བུད་མེད་རྣམས་ནས་དམིགས་བསལ་གཟབ་གཟབ་གནང་དགོས། སྦྲུམ་མའི་མངལ་ནང་ཕྲུ་གུ་འཁོར་ཡོད་པས་དེའི་དུས་སྔོན་འགོག་གི་ནུས་པ་ཉམས་ཀྱི་ཡོད་པས་ནད་གཞི་གང་ཡང་འཇུག་སླ་བ་ཡོད་པས་གཟབ་གཟབ་གནང་གལ། སྔོན་འགོག་གི་ཐབས་ལམ་ཐོག་གཉིད་དུས་ཐོག་དང་འདང་ངེས་ཁུག་དགོས་པ། སེམས་ནང་དངངས་སྐྲག་མ་སྐྱེ་རྒྱུ། ཁ་ཟས་དུས་ཐོག་དང་བཅུད་ལྡན་གྱི་ཟས་བསྟེན་དགོས་པ། སྦྲུམ་མ་རྣམས་ནས་ཟླ་རེའི་གཟུགས་གཞི་བརྟག་དཔྱད་གནང་དགོས་པ་རྣམས་ལ་མཐུད་ཤོར་མ་སོང་བར་ས་གནས་སོ་སོར་སྨན་པ་ཡོད་པས་སྨན་པར་ཁ་པར་ཐོག་འབྲེལ་བ་གནང་དགོས་པ་དང་། གལ་ཏེ་སྨན་ཁང་དུ་འགྲོ་དགོས་འབྱུང་ཚེ་སྨན་པའི་ལམ་སྟོན་དང་སྔོན་འགོག་ཐབས་ལམ་བསྟེན་དགོས་པ་དང་། རང་ཉིད་བསྐྱོད་སའི་སྨན་ཁང་གི་གནས་སྟངས་དེ་ཤེས་དགོས་གལ་ཆེ། སྨན་ཁང་དེར་ནད་གཞི་ཕོག་པའི་ནད་པ་མང་པོ་ཡོད་ཚེ་རང་ཉིད་ལའང་ནད་གཞི་འགོས་ཉེན་ཆེ་བས་མ་ཕེབས་ན་ལེགས།

ཡང་སྦྲུམ་མ་གང་ཞིག་ལ་ནད་གཞི་འདི་ཕོག་ཡོད་ཚེ་སྦྲུམ་མ་དེ་ཉིད་ཕྲུ་གུ་བཙའ་བའི་དུས་ཚོད་ལས་སྔ་སྣུར་གྱིས་སྐྱེ་སྲིད་པའི་ཉེན་ཁ་ཡོད་པ་ཡིན། དེ་ནས་བུད་མེད་སྦྲུམ་མ་གཅིག་ལ་ནད་གཞི་འདི་ཕོག་ཡོད་ཚེ་དེའི་ཕྲུ་གུར་ནད་གཞི་འགོས་ཉེན་ཡོད་མེད་ཐད་རྩ་བའི་ཕྲུ་གུར་ནད་གཞི་འགོས་རྒྱུའི་ཉེན་ཁ་ཆུང་ཆུང་རེད། གལ་ཏེ་འགོས་པ་ཡིན་ཡང་ནད་རྟགས་མེད་པ་དང་ནད་རྟགས་ཅུང་མངོན་པ་ལས་ཚབས་ཆེ་གང་ཡང་ཐོན་མེད་ལ་དྲག་སྐྱེད་ཀྱང་མགྱོགས་པོ་འགྲོ་ཡི་ཡོད། ནད་གཞི་ཕོག་པའི་མས་རང་ཉིད་ཀྱི་ཕྲུ་གུ་ལ་ནུ་མ་བསྣུན་ཆོག་མིན་ཐད་ད་བར་ནུ་མ་བརྒྱུད་ནས་ནད་གཞི་འདི་ཕོག་གི་ཡོད་པ་ར་འཕྲོད་གསལ་པོ་བྱུང་མེད། མས་རང་ཉིད་ཀྱི་ཕྲུ་གུར་ནུ་མ་བསྣུན་ཆོག་ཀྱང་ཁ་རས་གྱོན་རྒྱུ་སོགས་སྔོན་འགོག་གི་ཐབས་ལམ་རྣམས་གཅིག་མཚུངས་བསྟེན་དགོས་པ་ཤིན་ཏུ་གལ་ཆེ་བ་ཡིན། །