ཟླ་བ་ ༩ ཚེས ༡༥ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༥ རེས་གཟའ་མིག་དམར། 

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ COVID-19 ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ཉི་ཤུ་རྩ་བཞི་པ་དེ་བཞིན་སྤེལ་ཡོད། 

དེ་ཡང་གསལ་བསྒྲགས་ཞུ་མཁན་འཕྲོད་བསྟེན་ལས་ཁུངས་ཀྱི་ནད་རིགས་སྔོན་འགོག་ཚན་པའི་ལས་བྱེད་བསྟན་འཛིན་བསོད་ནམས་ལགས་དང་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས། བོད་ལུགས་སྨན་པ་ཚེ་རིང་མཚམས་གཅོད་ལགས་བཅས་ཡིན། 

དང་པོ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ནད་རིགས་སྔོན་འགོག་ཚན་པའི་ལས་བྱེད་བསྟན་འཛིན་བསོད་ནམས་ལགས་ཀྱིས་ཐོག་མར་བོད་མི་མང་ཚོགས་ནས་རྒྱ་གར་དབུས་སའི་གཞུང་དང་། བོད་མིའི་སྒྲིག་འཛུགས་ནས་སྤེལ་བའི་ལམ་སྟོན་ཁག་ལ་བརྩི་འཇོག་ལག་བསྟར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། དེ་ནས་འཕྲོད་བསྟེན་ལས་ཁུངས་ནས་མི་མང་ལ་གནད་དོན་གཉིས་ཀྱི་ཐོག་གསལ་བཤད་ཞུ་རྒྱུའི་གནད་དོན་དང་པོ་ནད་གཞི་བརྟག་དཔྱད་ཞུ་ཕྱོགས་དང་འབྲེལ་བ་དང་། གཉིས་པ་དེ་མི་མང་ནས་ཐུགས་སྣང་གནང་དགོས་པའི་གནད་དོན་ཁག་བཅས་ཡིན།

ནད་གཞི་ཡོད་མེད་བརྟག་དཔྱད་བྱ་རྒྱུ་དེ་ཤིན་ཏུ་ནས་གལ་ཆེ། དེས་མི་མང་ནང་ནད་གཞི་ཕོག་ཡོད་མེད་སྔོན་ཚུད་ནས་རྩད་གཅོད་ཐུབ་རྒྱུ་དང་། དེ་མཚུངས་ནད་གཞི་ཕོག་པ་རྣམས་ཟུར་བཀག་བྱ་རྒྱུ་དང་ནད་གཞི་ཕོག་པ་དང་ཐད་ཀར་འབྲེལ་བ་བྱུང་བ་རྣམས་ཟུར་བཀག་ཐོག་འཇོག་ཐུབ་པའི་ཁྱད་ཕན་ཡོད། རྡ་ས་ཁུལ་དུ་ཡང་ཁ་སྔོན་ཕྱི་ཟླ་ ༥ ནས་བརྟག་དཔྱད་བྱེད་སྒོ་བཙུགས་ནས་མེག་གྷན་དང་ཀན་ཡཱ་ར་ཁུལ། དེ་བཞིན་དྷ་རི་ཁུལ་གྱི་ས་གནས་སྨན་ཁང་བཅས་ནང་བསྡོམས་བོད་མི་ ༣༡༥ བརྟག་དཔྱད་བྱས་ཡོད་པ་དང་། གཞན་ཡང་ས་གནས་ཉེན་རྟོགས་པ་དང་། གཙང་བཟོའི་ལས་བྱེད། ཁ་ལོ་པ་དང་སྨན་ཞབས་བཅས་བསྡོམས་མི་གྲངས་ ༡༨༠ ཙམ་ལ་ཡང་བརྟག་དཔྱད་བྱས་ཡོད་ཅིིང་རྡ་ས་ཁུལ་གྱི་ས་གནས་སུ་བརྟག་དཔྱད་དང་འབྲེལ་འཕྲིན་ལས་བྱམས་པ་དང་པིན་ཊུ་ཤཱར་མ་གཉིས་ནས་གཙོ་བོ་འགན་འཁུར་གནང་ཡོད་པར་ཐུགས་རྗེ་ཆེ་ཞུ།

དེ་ནས་ཟླ་ ༧ ཚེས་ ༡༥ ནས་བདེ་ལེགས་སྨན་ཁང་གི་སྨན་པ་རྣམས་ལ་རྫོང་དཔོན་ནས་བརྟག་དཔྱད་བྱེད་ཆོག་པའི་བཀའ་འཁྲོལ་དང་ཟབ་སྦྱོང་སྤྲོད་པའི་ཐོག་ད་བར་འགོག་དབྱེ་ཟུར་འཇོག་ཁང་དུ་གནས་བཞུགས་བོད་མི་གྲངས་ ༢༡༥ ཙམ་ལ་བརྟག་དཔྱད་གནང་ཟིན། གནད་དོན་གཉིས་པ་དེ་མི་མང་རྣམས་ལ་ད་ཆ་ནད་ཡམས་ཁྱབ་གདལ་ཆེ་ཆེར་འགྲོ་བའི་དུས་འདིར་མང་ཚོགས་ནས་རྣམ་གཡེང་དང་ལྷོད་གཡེང་འགྲོ་ཡི་ཡོད་པའི་རྣམ་པ་མངོན་གྱི་འདུག་ན་ད་ལྟའི་ཆར་རྒྱ་གར་ནང་ནད་གཞི་ཕོག་པའི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད་པ་དང་། ཉིན་རེར་མི་གྲངས་ཆིག་སྟོང་ལྷག་འདས་གྲོངས་སུ་འགྲོ་བཞིན་ཡོད་པས་ཚང་མས་གཟབ་གཟབ་གནང་དགོས་པ་ཡིན། ད་ལྟའི་ཆར་སྔོན་འགོག་སྨན་ཁབ་དང་གསོ་བཅོས་སྨན་གཏན་ཁེལ་བ་གང་ཡང་མེད་པས་མི་མང་ནས་སྔོན་འགོག་ཐབས་ལམ་དང་། གཞུང་འབྲེལ་ལམ་སྟོན་ཁག་ལ་བརྩི་འཇོག་ལག་བསྟར་གནང་བའི་ཐོག་ནད་ཡམས་ཁྱབ་གདལ་བཀག་འགོག་དང་། རང་ཉིད་བདེ་ཐང་ངང་གནས་ཐབས་གནང་རྒྱུ་གལ་ཆེ་བ་ཡིན། ནད་གཞི་འདི་ལོ་ན་བགྲེས་པ་དང་། དེ་བཞིན་བྱིས་པ་ལོ་བཅུ་མན། བུད་མེད་སྦྲུམ་མ། གཞན་ཡང་ཛ་དྲག་ནད་གཞི་ལྕི་བ་ཡོད་མཁན་རྣམས་ནས་དམིགས་བསལ་གཟབ་གཟབ་དང་གཙང་སྦྲ་འཕྲོད་བསྟེན་གང་ལེགས་གནང་དགོས།

ནད་གཞི་འདི་སྔོན་འགོག་ཐུབ་པའི་ཐབས་ལམ་གལ་ཆེ་ཤོས་གཉིས་ཡོད་པ་སྟེ་དང་པོ་ནི་ཕྱིར་ཕེབས་སྐབས་ཁ་རས་གཙང་མ་ངེས་པར་གྱོན་དགོས་པ་དང་། ལག་པ་ཡང་སེ་གཙང་མ་འཁྲུ་བྱེད་རྒྱུ་དེ་ཡིན། ཡང་རྒྱ་གར་ནང་ཉེན་ཚབས་ཆེ་བའི་ས་ཁུལ་ནས་འགྲུལ་བཞུད་བྱེད་པ་བརྒྱུད་སོ་སོའི་གཞིས་ཆགས་ཏུ་ཕྱིར་ལོག་གནང་གི་ཡོད་ཚེ་ངེས་པར་རང་ཉིད་ཉིན་གྲངས་ ༡༤ རིང་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་དགོས་པ་ཡིན། འགོག་དབྱེ་ཟུར་བཀག་ཏུ་བཞུགས་པའི་རིང་ཚ་བ་འཕར་བ་ལ་སོགས་པའི་ནད་རྟགས་མངོན་ཚེ་ས་གནས་སྨན་པ་དང་སྨན་ཞབས། འཕྲོད་ལས་པ་རྣམས་ལ་འབྲེལ་བ་གནང་དགོས།

གནད་དོན་གཞན་ཞིག་ནི་དུས་ཡུན་དེའི་སྐབས་མྱོས་རྫས་ངན་གོམས་དང་སེམས་ཁམས་དཀའ་ངལ་ཡོད་ཚེ་ངེས་པར་དུ་ས་གནས་འགོ་འཛིན་དང་ས་གནས་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་བརྒྱུད་དེ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་སུ་འབྲེལ་བ་གནང་རོགས་ཞུ། གལ་ཏེ་མྱོས་རྫས་ངན་གོམས་ཀྱི་དཀའ་ངལ་ནང་ལྷུང་ཡོད་ཚེ་འདི་ནས་ནད་གསོ་ཁང་དང་བཅོས་ཐབས་ཁང་ནང་གཏོང་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན། སེམས་ཁམས་འཕྲོད་བསྟེན་དང་འབྲེལ་དཀའ་ངལ་ཡོད་ཚེ་འདི་ནས་སློབ་སྟོན་པ་བསྐོས་གཞག་གིས་སེམས་ཁམས་འཕྲོད་བསྟེན་ཐོག་ཞབས་ཞུ་བསྒྲུབ་བཞིན་ཡོད་ན་ཞིབ་ཕྲའི་གནས་ཚུལ་གཞུང་འབྲེལ་དྲ་རྒྱའི་ <www.tibetanhealth.org> ཐོག་གཟིགས་གནང་ཡོང་བ་ཞུ།

མཐའ་དོན་ས་གནས་གཞིས་འགོ་དང་། ས་གནས་འཕྲོད་བསྟེན་སྨན་ཁང་གི་འབྲེལ་ཡོད་ལས་མི། དེ་བཞིན་དང་བླངས་ཞབས་ཞུ་བ་བཅས་ཚང་མས་ད་ལྟའི་ཛ་དྲག་གི་གནས་སྟངས་འདིར་འཕྱར་གྲུ་མཉམ་འདེགས་གནང་བར་བོད་མིའི་སྒྲིག་འཛུགས་ནས་ཐུགས་རྗེ་ཆེ་ཞེས་ཞུ། ད་དུང་ཡིན་ནས་ནད་ཡམས་འདིའི་གནས་སྟངས་ལ་བསྒྱུར་བ་མ་ཕྱིན་གྱི་བར་ང་ཚོ་ཚང་མས་སྔོན་འགོག་ཐབས་ལམ་བསྟེན་རྒྱུ་དང་། དེ་བཞིན་གོང་རིམ་ནས་ཕེབས་པའི་ལམ་སྟོན་ལ་བརྩི་འཇོག་གིས་ནད་ཡམས་ཁྱབ་གདལ་བཀག་འགོག་ལ་ཚང་མས་མཉམ་རུབ་དང་རྒྱབ་སྐྱོར་གནང་རོགས་ཅེས་ཞུས་གནང་། 

གཉིས་པ། ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་སྨན་པ་ཚེ་རིང་མཚམས་གཅོད་ནས་འདས་པའི་བདུན་ཕྲག་ཅིག་གི་ནང་དབུས་དང་ས་གནས་སུ་ནད་ཡམས་སྔོན་འགོག་གི་ལས་དོན་ཇི་སྤེལ་ཐད་དང་པོ་འགོག་དབྱེ་ཟུར་འཇོག་དང་འབྲེལ་འཕྲོད་བསྟེན་ལས་ཁུངས་ཀྱི་གྲངས་ཐོ་ཚན་པའི་སྡེ་ཚན་ནས་གནས་ཚུལ་བསྡུས་ལེན་གནང་བ་གཞིར་བཟུང་བདུན་ཕྲག་འདིའི་ནང་རྒྱ་གར་དང་བལ་ཡུལ་བཅས་ནང་ཁྱོན་བོད་མི་གྲངས་ ༦༦༩ ཏེ་མི་གྲངས་ ༢༨༣ རང་ཁྱིམ་དུ་ཟུར་བཀག་ངང་གནས་བཞིན་ཡོད་པ་དང་མི་གྲངས་ ༣༨༦ བོད་མིའི་སྒྲིག་འཛུགས་ནས་མཐུན་རྐྱེན་སྦྱར་བའི་ཟུར་འཇོག་ཁང་ནང་གནས་བཞིན་ཡོད། དེའི་ནང་ནས་རྡ་ས་ཁུལ་དུ་མི་གྲངས་ ༤༠ འགོག་དབྱེ་ཟུར་བཀག་ཏུ་བཞུགས་བཞིན་པའི་གནས་སྟངས་ཞུ། 

དབུས་དང་ས་གནས་སུ་ནད་རྟགས་ཡོད་མེད་བརྟག་ཞིབ་གནང་ཐད་རྡ་ས་ཁུལ་དུ་ས་གནས་འགོ་འཛིན་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་གཙོས་ཚོགས་སྡེ་སོ་སོས་འགན་འཁུར་བའི་ཐོག་བདུན་ཕྲག་འདིའི་ནང་མི་གྲངས་ ༢༥༨༥༼སྒྲིག་འཛུགས་ལས་བྱེད་གྲངས་ ༥༢༤ རྡ་ས་ས་གནས་འགོ་འཛིན་ནས་མི་གྲངས་ ༩༣༥ བོད་ཀྱི་དཔེ་མཛོད་ཁང་། ༥༢ བོད་ཀྱི་སྨན་རྩིས་ཁང་། ༣༤༧ གནས་ཆུང་གྲ་ཚང་། ༨༠ དགའ་གདོང་གྲ་ཚང་། ༡༩ གངས་སྐྱིད་ཁུང་ལོ་ན་བགྲེས་པ་སོགས་ཉེན་ཚབས་ཆེ་བའི་མི་གྲངས་༦༣ གངས་སྐྱིད་རྒྱལ་སྒོ་ནས་ནང་འཛུལ་ཕྱི་མི་གྲངས་ ༥༦༥༽ ལ་ནད་རྟགས་ཡོད་མེད་ཚོགས་སྡེ་སོ་སོས་འགན་འཁུར་གནང་བའི་ཐོག་བརྟག་ཞིབ་གནང་ཡོད་ལ་དེའི་ནང་དམིགས་བསལ་ནད་རྟགས་ཐོན་པ་སུའང་བྱུང་མེད།

གཞན་ཡང་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ས་གནས་གྲངས་༣༥ དང་བལ་ཡུལ་ནང་ས་གནས་གྲངས་༢ བཅས་ནང་ཁྱོན་མི་གྲངས་༧༢༩༢ ལ་ ༼ལོ་ན་༦༠ ཡན་མི་གྲངས་ – ༥༦༨༨ ཉེན་ཚབས་ཆེ་བ་མི་གྲངས་ – ༡༦༡༤༽ ས་གནས་འབྲེལ་ཡོད་ལས་བྱེད་ཀྱིས་ཞལ་པར་བརྒྱུད་ནད་རྟགས་ཡོད་མེད་ཞིབ་རྩད་གནང་ཐུབ་པ་བྱུང་ཡོད། དེ་བཞིན་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བོད་མིའི་གཞིས་ཆགས་གྲངས་ ༢༡ ནང་འགོག་དབྱེ་ཟུར་འཇོག་ཏུ་བཞུགས་མཁན་ནང་ནས་གཙོ་བོ་ཉེན་ཚབས་ཆེ་བའི་མི་སྣར་ཞལ་པར་ཐོག་འབྲེལ་བ་གནང་ནས་བདུན་ཕྲག་འདིའི་ནང་མི་གྲངས་ ༢༩༠ ལ་འབྲེལ་བ་བྱེད་པ་བརྒྱུད་སློབ་གསོ་ལམ་སྟོན་གནང་ཐུབ་པ་བྱུང་ཡོད།

འདི་ནས་ལམ་སྟོན་གནང་བ་བཞིན་ས་གནས་ཁག་ལ་ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་བོད་མིིའི་གཞིས་ཆགས་ཕལ་མོ་ཆེར་བདུན་ཕྲག་རེའི་ནང་གཞིས་ཆགས་ཕྱི་ནང་དང་མི་མང་འདུ་འཛོམས་ཆེ་སར་དུག་སེལ་མུ་མཐུད་གནང་བཞིན་ཡོད། 

གསུམ་པ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གནས་སྟངས་ཇི་ཆགས་ཐད་ངོ་སྤྲོད་ཞུ་རྒྱུར། འདས་པའི་བདུན་ཕྲག་ཅིག་གི་ནང་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཏུ་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ ༡༡༣ བྱུང་ཡོད། ཞིབ་ཕྲ་ནི་སྦེལ་ཀོབ་གཞིས་ཆགས་ནས་མི་གྲངས། ༤ སྦེང་ལོར་ནས་མི་གྲངས། ༡ མོན་གྷོ་འདོད་རྒུ་གཞིས་ཆགས་ནས་མི་གྲངས། ༣༡ ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ནས་མི་གྲངས། ༦༠ བན་ད་ར་བོད་མིའི་གཞིས་ཆགས་ནས་མི་གྲངས། ༣  མན་ཌིའི་རྫོང་ཁོངས་མཚོ་པད་མ་ནས་མི་གྲངས། ༡ སྒང་ཏོག་ཁུལ་ནས་བོད་མི་གྲངས། ༡༡ རྒྱ་གར་རྒྱལ་ས་ལྡི་ལི་བསམ་ཡས་གླིང་ཁུལ་ནས་མི་གྲངས། ༢ བཅས་མི་གྲངས་ ༡༡༣ བྱུང་བ་ནང་ནས་མི་གྲངས་ ༥ ནད་རྟགས་ཅུང་ཡོད་པའི་ནང་མི་གཅིག་ཛ་དྲག་སྨན་བཅོས་བྱེད་བཞིན་ཡོད་པ་དང་། ལྷག་མ་རྣམས་ལ་ནད་རྟགས་དམིགས་བསལ་མེད་པ།

ནད་གཞི་ཕོག་པ་མང་ཆེ་བ་རང་ཁྱིམ་དང་ཚོགས་སྡེའི་ཟུར་འཇོག་ཁང་དུ་ཟུར་བཀག་ཐོག་བཞུགས་ཡོད་པ་དང་། འགའ་ཤས་བོད་མིའི་སྒྲིག་འཛུགས་ནས་མཐུན་འགྱུར་སྦྱར་བའི་ཀོ་ཝིཌ་གཅེས་སྐྱོང་ཁང་དུ་གསོ་བཅོས་གནང་བཞིན་ཡོད་པ་དང་། མི་ཁ་ཤས་རྒྱ་གར་ས་གནས་རྫོང་གི་སྨན་ཁང་ནང་གསོ་བཅོས་བྱེད་བཞིན་ཡོད། བློ་ཕམ་གྱི་གནས་ཚུལ་ཞིག་ལ་འདས་པའི་བདུན་ཕྲག་ནང་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཁུལ་ནས་བུད་མེད་རང་ལོ་ ༨༣ སོན་པ་ཞིག་ནད་ཡམས་འདིའི་རྐྱེན་པས་འདས་གྲོངས་སུ་ཕྱིན་ཡོད་པས་ཚང་མས་ཐུགས་སྨོན་གནང་རོགས་ཞུ། ཁྱོན་བསྡོམས་ད་བར་རྒྱ་གར་དང་བལ་ཡུལ་ནང་ཁྱོན་བོད་མི་གྲངས་ ༢༦༠ ལ་ནད་གཞི་ཕོག་པ་ར་ཕྲོད་བྱུང་ཞིང་མི་གྲངས་ ༦ འདས་གྲོངས་ཕྱིན་པ་དང་། མི་གྲངས་ ༡༠༢ དྲག་སྐྱེད་བྱུང་ཡོད་པ་ཅིང་། ད་ཆ་མི་གྲངས་ ༡༥༢ ནད་མནར་བཞིན་པའི་གནས་སྟངས་ཞུ། ད་ཆ་མི་གྲངས་ ༡༥༢ དེ་སྦེལ་ཀོབ་ལུགས་བསམ་ནང་མི་གྲངས་ ༨ བདེ་སླར་གཞིས་ཆགས་ནང་མི་གྲངས་ ༡ མོན་གྷོ་གཞིས་ཆགས་ནང་མི་གྲངས་ ༣༩ ལ་དྭགས་བསོད་ནམས་གླིང་ནང་མི་གྲངས་ ༨༥ བན་ད་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་ནང་མི་གྲངས་ ༣ མཚོ་པད་མ་ཁུལ་ནས་མི་གྲངས་ ༡ ལྡི་ལི་བསམ་ཡས་གླིང་ནང་མི་གྲངས་ ༢ མེན་པཌ་ཕན་བདེ་གླིང་བོད་མིའི་གཞིས་ཆགས་ནང་མི་གྲངས་ ༡ སྦེང་ལོར་ཁུལ་ནས་མི་གྲངས་ ༡ བཅས་མི་གྲངས་ ༡༥༢ ནད་མནར་བཞིན་པའི་གནས་སྟངས་ཞུ།

ནད་གཞི་ཕོག་པའི་མི་རྣམས་ལ་ས་གནས་འཕྲོད་བསྟེན་ཚོགས་ཆུང་ནས་གསོ་རིག་གསོ་བཅོས་སྨན་ཕུལ་ཡས་དང་དེ་བཞིན་འདི་ག་འཕྲོད་བསྟེན་ལས་ཁུངས་ཀྱི་སེམས་ཁམས་འཕྲོད་བསྟེན་ཆེད་ལས་པའི་ངོས་ནས་གནས་སྟངས་བརྒྱུད་ལོན་དང་སློབ་གསོ་ལམ་སྟོན་དགོས་ངེས་ལ་སློབ་གསོ་ལམ་སྟོན་གནང་ཐུབ་པ་བྱུང་།

བཞི་པ། མི་མང་ལ་ཐུགས་སྣང་ལམ་སྟོན་ཚུལ་དུ་ཞུ་རྒྱུར། 

ད་ཆ་འཛམ་གླིང་ཁྱོན་ཡོངས་ལ་མི་ས་ཡ་ ༢༧ 27486960 ལྷག་ལ་ནད་གཞི་ཕོག་ཡོད་པ་དང་མི་གྲངས་འབུམ་༨(894983) ལྷག་ནད་གཞི་འདིིའི་རྐྱེན་པས་འདས་གྲོངས་སུ་ཕྱིན་ཡོད། རྒྱ་གར་ནང་ད་བར་ཁྱོན་མི་གྲངས་འབུམ་༤༤ (44,65,863) ལྷག་ལ་ནད་གཞི་ཕོག་ཅིང་མི་གྲངས་ཁྲི་༧ (75,062/1172 Per day-1.68%) ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་མི་གྲངས་འབུམ་༣༤ ལྷག་(34,71,783 – 72939 – 77.74%) དྲག་སྐྱེད་སོང་ཡོད་པ་དང་། ད་ཆ་མི་གྲངས་འབུམ་༩ (9,19,018 ) ནད་མནར་བཞིན་པ་དང་། ཉིན་ཅིག་ཏེ་འདས་པའི་ཆུ་ཚོད་༢༤ ནང་མི་གྲངས་ཁྲི་དགུ་ལྷག་( 95735) ལ་ནད་གཞི་ཕོག་པ་ར་འཕྲོད་བྱུང་ཡོད་པས་རྒྱ་གར་འདི་བཞིན་ད་ཆ་འཛམ་གླིང་ནང་ནད་གཞི་ཕོག་མཁན་གྲངས་འབོར་མཐོ་ཤོས་ཀྱི་རྒྱལ་ཁབ་ཨང་གཉིས་པ་དེ་ཆགས་ཡོད། ནད་པ་བརྟག་དཔྱད་དང་འབྲེལ་རྒྱ་གར་ནང་ད་བར་ཁྱོན་མི་གྲངས་ས་ཡ་༥ (529,34,433) ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་བྱས་ཅིང་། འདས་པའི་ཉིན་གྲངས་གཅིག་ནང་ཁྱོན་མི་གྲངས་འབུམ་༡༡ (11,29,756) ལ་བརྟག་དཔྱད་གནང་བ་བྱུང་འདུག 

  • རྒྱ་གར་ནང་ཡིན་ན་ད་ཆ་སྒོ་རྒྱ་རིམ་པ་བཞི་པ་ཕྱེ་བའི་ཡོངས་ཁྱབ་གསལ་བསྒྲགས་ནང་རྗེས་མངའ་སྡེ་གཅིག་ནས་མངའ་སྡེ་གཞན་དུ་མི་མང་འགྲུལ་བཞུད། དེ་བཞིན་ཚོང་ཁང་དང་ཚོགས་སྡེ་རྣམས་སྒོ་ཕྱེ་ཡས། དེ་བཞིན་ཨར་པོ་བཟོ་ལས་སོགས་སྒོ་འཛུགས་པའི་རྐྱེན་གྱིས་ནད་གཞི་ཁྱབ་གདལ་ཉི་མ་ནས་ཉི་མ་མང་དུ་འགྲོ་ངེས་རེད། དེ་ཡིན་དུས་རྒྱ་གར་གཞུང་ངོས་ནས་ད་ཆ་ནད་གཞི་ཁྱབ་གདལ་བཀག་འགོག་ཆེད་ཟུར་འཇོག་ཁང་དང་དེ་བཞིན་ནད་པ་དང་ཐད་ཀར་འབྲེལ་ཐུག་བྱུང་བ། དེ་བཞིན་ནད་རྟགས་མངོན་ཞིང་དོགས་གཞི་ཡོད་མཁན་བཅས་མི་གང་མང་ལ་སྔོན་ཚུད་ནས་བརྟག་དཔྱད་བྱེད་སྒོ་ཚུད་ཚུད་པས་བོད་མིའི་གཞིས་ཆགས་ཁག་ཏུའང་དེ་ལྟར་བརྟག་དཔྱད་བྱས་པས་ཉི་མ་རེ་རེར་ནད་གཞི་ཕོག་མཁན་གྲངས་མང་དུ་འགྲོ་བཞིན་ཡོད། གཞིས་ཆགས་ཁག་ནང་ནད་གཞི་ཕོག་པ་གང་ཞིག་ལ་ནད་རྟགས་ཅིའང་མེད་མཁན་འགའ་ཞིག་གིས་ཡིད་མ་ཆེད་པ་ལྟ་བུ་དང་ང་ལ་ནད་གཞི་ཕོག་མེད་ཅེས་གསུངས་མཁན་དེ་འདྲ་ཡོད་པས་ཚང་མས་མཁྱེན་དགོས་ཡས་ཅིག་ལ་ནད་གཞི་འདིར་ནད་རྟགས་མེད་པ་བརྒྱ་ཆ་ཚད་མཐོ་བོ་ཡིན་པས་རང་ཉིད་ལ་ནད་རྟགས་མེད་ཅིང་ནདགཞི་ཕོག་མེད་ཅེས་གསུངས་ནས་གང་བྱུང་དུ་མ་ཕེབས་པར་ངེས་པར་རང་ཁྱིམ་མམ་ཚོགས་སྡེའི་ཟུར་འཇོག་ཁག་དུ་ཟུར་བཀག་ཐོག་བཞུགས་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་རེད། དེ་བཞིན་གནས་ཡུལ་གཞུང་གི་ལམ་སྟོན་ལྟར་ད་ཆ་ནད་ཡམས་ཁྱབ་གདལ་ཆེ་ཆེར་འགྲོ་བའི་དུས་ཚོད་འདིར་ཉེན་ཚབས་ཆེ་བའི་མི་རྣམས་སྲུང་སྐྱོབ་བྱ་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། ཉེན་ཚབས་ཆེ་བའི་མི་སུ་དང་སུ་ཆགས་ཀྱི་ཡོད་ཅེས་ན་ལོ་ན་༦༠ ཡན་གྱི་མི། བུད་མེད་སྦྲུམ་མ། ཕྲུག་གུ་ལོ་༡༠ མན། ལུས་ཟུངས་ཞན་པོ། འཚོ་ཆེ་བའི་མི། རྒྱུན་དུ་ཐ་མ་ཁ་འཐེན་མཁན། ཡང་བླ་གཉན་གྱི་ནད་གཞི་ཏེ་ཁྲག་ཤེད་དང་སྙིང་གི་ནད་གཞི། གློ་གཅོང་དང་དབུགས་བསགས་ཀྱི་ནད་གཞི་ཡོད་པ། འབྲས་སྐྲན་གྱི་ནད་གཞི་ཡོད་པ། མཁལ་གཅོང་དང་། གཅིན་སྙིིའི་ནད་གཞི་ཡོད་པ་དེ་ཚོ་ཡིན། དེར་རྟེན་ད་ལན་ནད་ཡམས་ཁྱབ་གདལ་གྱི་དཀའ་ཚེགས་ཀྱི་དུས་ཚེས་དེ་གོ་སྐབས་དུ་བཟུང་ནས་ཉེན་ཚབས་ཆེ་བའི་མི་རེད་ལྷག་པར་བོད་མི་གཞིས་ཆགས་དང་ཁ་ཐོར་གང་དུ་བོད་མི་སྐུ་ན་བགྲེས་པ་མང་པོ་ཡོད་པས་ཁོང་རྣམས་ལ་ནད་གཞི་མ་འགོས་པར་སྲུང་སྐྱོབ་གནང་རྒྱུ་དང་། དེ་བཞིན་སྐུ་ན་བགྲེས་པ་རྣམས་ལ་ཞལ་པར་ཐོག་འབྲེལ་བ་ཞུས་ནས་ཁོང་རྣམ་པར་སྐམ་ཟས་དང་དགོས་ངེས་ཅ་དངོས་རྣམས་མཁོ་སྒྲུབ་བྱ་རྒྱུར་རོགས་ཕན་ཞབས་ཞུ་བསྒྲུབ་གནང་ཡོང་བའི་རེ་སྐུལ་ཞུ།

ཡང་གཞིས་ཆགས་ནང་དང་དེ་བཞིན་ཚོགས་པ་དང་སྒྲིག་འཛུགས་ཀྱི་ལས་ཡུལ་ནང་མི་སུ་ལའང་ཆམས་ཚད་ལྟ་བུའི་ནད་རྟགས་དང་ལྷག་པར་གློ་རྒྱབ་པ་དང་། ཚ་བ་འཕར་བ། དབུགས་འབྱིན་རྔུབ་ཀྱི་དཀའ་ངལ་ཡོད་ཚེ་མི་ཚོགས་དང་ལས་ཁུངས་སུ་མ་ཕེབས་པར་སྨན་པར་ཁ་པར་ཐོག་འབྲེལ་གཏུག་གིས་ནང་དུ་གསོ་བཅོས་བྱེད་ནས་བཞུགས་དགོས་གལ་ཆེ། མཐའ་དོན་ད་ཆ་ནམ་དུས་དབྱར་ཁ་ནས་སྟོན་ཁར་བསྒྱུར་དུས་ཚ་གྲང་འཐབ་ནས་ཆམས་ཚད་ལྟ་བུའི་ནད་གཞི་ཕོག་ཉེན་ཡོད་པས་ཚང་མས་རང་ཉིད་ཀྱི་འཕྲོད་བསྟེན་གང་གཟབ་དང་ལྷག་པར་རང་གཞན་ཚང་མའི་སྲུང་སྐྱོབ་ཆེད་ཁ་རས་གྱོན་ཡས་སོགས་སྔོན་འགོག་གི་ཐབས་ལམ་རྣམས་མུ་མཐུད་བསྟེན་ཡས་དང།  ནད་གཞི་ཕོག་པ་རྣམས་ནས་དངངས་སྐྲག་དང་སེམས་ཁྲལ་མ་གནང་བར་རང་ངོས་ནས་འཕྲོད་བསྟེན་དང་གསོ་བཅོས་མཐུད་ཤོར་མནང་ཡས། སྔ་དགོངས་རྗེ་བཙུན་སྒྲོལ་མའི་ཟུངས་སྔགས་སོགས་ཞལ་འདོན་དགེ་སྦྱོར་གནང་དགོས་པ་དེ་དོན་མི་མང་ལ་ལམ་སྟོན་ཞུས་ཡོད།  

དེ་རྗེས་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་ལགས་ནས་ད་ཆ་རྒྱ་གར་ནང་ཀོ་ཝིཌ་ནད་པ་གང་ཞིག་ནད་རྟགས་དམིགས་བསལ་མེད་པ་རྣམས་རང་ཁྱིམ་དུ་གསོ་བཅོས་བྱེད་དགོས་ལམ་སྟོན་གནང་བཞིན་ཡོད་པས་རྒྱ་གར་ནང་དེ་སྔ་ལྡི་ལི་དང་ལ་དྭགས། ལྷོ་ཕྱོགས་ཀར་ཎ་ཊ་ཀ ཉེ་བའི་ཆར་ཧི་མཱ་ཅལ་མངའ་སྡེ་བཅས་བོད་མིི་འདུ་སྡོད་ཆེ་ས་མང་ཆེ་བར་ནད་རྟགས་མེད་པ་རྣམས་རང་ཁྱིམ་དུ་གསོ་བཅོས་བྱེད་དགོས་པའི་ལམ་སྟོན་གནང་བཞིན་ཡོད་ན་རང་ཁྱིམ་ནང་དུའང་ནང་མི་གཞན་དང་མཉམ་སྡོད་མ་བྱེད་པར་ནད་པ་རང་ཉིད་ལོགས་སུ་བཞུགས་དགོས་གལ་ཆེ་བ་ཡིན། ཡང་བོད་མིའི་གཞིས་ཆགས་ཁུལ་དུ་ནད་གཞི་ཕོག་པ་རྣམས་དང་ཐད་ཀར་འབྲེལ་བའི་མི་རྣམས་རྩད་གཅོད་བྱེད་ནས་མི་དེ་དག་ཟུར་འཇོག་བྱེད་དགོས་པ་དང་ཡང་བརྟག་དཔྱད་བྱེད་དགོས་པས་མི་མང་ནས་ངེས་པར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་ས་གནས་ཛ་དྲག་འཕྲོད་བསྟེན་ཚོགས་ཆུང་དང་ས་གནས་འཕྲོད་བསྟེན་སྨན་ཁང་གི་སྨན་ལས་རྣམས་ལ་རྒྱབ་སྐྱོར་གནང་རོགས། དེ་ལྟར་གནང་བ་ཡིན་ན་སྔོན་ཚུད་ནས་འབྲེལ་ཐུག་མི་རྣམས་རྩད་གཅོད་ཀྱིས་མང་ཚོགས་ནང་ཁྱབ་གདལ་མ་འགྲོ་བར་ཕན་ཐོགས་ཡོད་ན་ཚང་མས་འཁུར་མཉམ་ལེན་གནང་རོགས་ཅེས་ཞུས་པ་དང་། དོན་ཚན་གསུམ་པ་དེ་ནད་གཞི་འདི་རྒས་བགྲེས་རྣམས་ལ་ཉེན་ཁ་ཆེ་བ་ཡོད་པས་བོད་མིའི་རྒས་གསོ་སོགས་ཁང་དུ་ཕྱི་མི་མ་ཕེབས་ཡས་གཙོ་འདོན་གནང་རོགས། དེ་བཞིན་གླིང་སྐོར་སོགས་ལ་ཕེབས་སྐབས་མ་ཎི་ལག་སྐོར་ལ་འཇུས་པ་ཡིན་ན་དེར་མི་མང་པོས་ལག་པ་འཆང་གི་ཡོད་པས་ཉེན་ཁ་ཡོད་པས་གཟབ་གཟབ་གནང་རོགས་ཅེས་ཞུས། ཡང་འདས་པའི་བདུན་ཕྲག་ནང་འདི་ག་རྡ་ས་ཁུལ་གྱི་མི་༡༦ ལ་དེ་ག་སྣེ་ལེན་ཁང་དུ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་བྱས་ཟིན་པས་སུ་ལའང་ནད་གཞི་དེ་ཕོག་མེད་པ་ར་འཕྲོད་བྱུང་། མཐའ་དོན་དེ་སྔ་ནས་ལམ་སྟོན་ཞུ་མུས་ལྟར་རྒྱ་གར་ནང་ཡིན་ན་མངའ་སྡེ་ཕྱི་ལོག་ནས་ཕེབས་མཁན་ཡིན་ཚེ་ཉིན་གྲངས་༡༤ རིང་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་ཡས། དེ་ནས་མི་དང་མིའི་དབར་རྒྱང་ཐག་འཇོག་ཡས། ཕྱིར་ཕེབས་སྐབས་ཁ་རས་ངེས་པར་གྱོན་ཡས། དེ་ནས་གལ་ཆེ་དོན་ཆེན་ཡིན་ན་མ་གཏོགས་ཕྱིར་འགྲུལ་བཞུད་མ་གནང་རོགས་ཅེས་ཡང་ནས་ཡང་དུ་ནན་སྐུལ་ཞུས་པ་བཅས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་༢༤ པ་དེ་མཇུག་སྒྲིལ་གནང་ཡོད།།